ཁ་ཆར་འཐུང་བའི་བྱེའུ།

དབྱངས་ཞི་བ།        2022-09-30

དབྱར་ཁ་ཡུད་ཀྱིས་སོང་ནས།།

སྟོན་མཇུག་ངང་གིས་སླེབས་སོང་།།

ང་དང་བྱེའུ་ཆུང་འཇོལ་མོས།།

དྲན་གདུང་གླུ་རུ་བླངས་ཡོད།།

ཁ་ཆད་མེད་པའི་དུས་ཚོད།།

འགོག་ཐབས་མེད་པའི་སྟོན་ཟླ།།

མ་བོས་ངང་གིས་ཐོན་བྱུང་།།

མ་འདྲིས་སེམས་ལ་གཟན་སོང་།།

མི་མངོན་ནམ་མཁའི་དབྱིངས་ནས།།

དྭངས་གཙང་ཁ་བའི་མེ་ཏོག།

མཛེས་སྡུག་མ་བཅོས་རང་གྲུབ།།

ང་ཡི་ཡུལ་ལ་བབས་བྱུང་།།

ང་དང་སྟོན་ཟླ་ཐ་མའི།།

བྱེའུ་ཆུང་ལས་དབང་གཅིག་པ།།

སྡོང་འགོའི་ཁ་ཆར་འཐུང་བའི།།

ལས་དབང་ལྷག་ཏུ་གཅིག་པ།།

སྟོན་གཞུང་མེ་ཏོག་དཀར་པོ།།

འདབ་དྲུག་ཁ་བའི་ལོ་མ།།

འཐུང་བའི་མགྲིན་པ་སངས་སོང་།།

སྨྲེང་བའི་ཡིད་ག་འགག་སོང་།།

ཁ་བ་སྒང་ནས་འབབ་པའི།།

གཞོང་ཁོག་དངུལ་མདོག་འདྲ་སོང་།།

དངུལ་གཞོང་ནང་གི་ནོར་བུ།།

བྱེའུ་ཆུང་མཆིལ་བ་སྙིང་རྗེ།།

དགུན་ཟླ་གྲང་ཞིང་འཁྱག་རུང་།།

ང་ཡི་སེམས་ཀྱི་མེ་སོན།།

དྲིན་ལྡན་ཕ་མའི་དྲོད་ཁོལ།།

བུ་ཆུང་སེམས་སུ་དྲོས་བྱུང་།།

སྡོང་འགོའི་བྱེའུ་ཚང་དྲོན་མོ།།

སེམས་ཀྱི་མེ་སོན་འདྲ་བྱུང་།།

བྱེའུ་ཚང་འཐོར་བ་མེད་ན།།

བྱེའུ་ཆུང་རེ་བ་དེ་ཡིན།།

དག་གཙང་ཁ་ཆར་ཟིལ་མ།།

ས་གཞིའི་མཛེས་སྡུག་ཡིན་པའི།།

སང་ལོའི་མེ་ཏོག་རྩི་ཐོག།

ཁྱེད་ཀྱི་རྐང་རྗེས་འཁྲུངས་ཡོད།།

སྟོན་དགུན་བར་གྱི་སེམས་པ།།

ཁ་བའི་ཀློང་དུ་འཕུར་སོང་།།

འཕུར་བའི་ང་དང་བྱེའུས།།

སེམས་པའི་གླུ་འདི་བླངས་ཡོད།།



  • ལེ་ཚན་སྔོན་མ།:དུས་ཚོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།