མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།

        2022-06-01

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།

དྲུག་གཅིག་བྱིས་པའི་དུས་ཆེན།

                   (དམའ་གཉིས)པདྨ་མཚོ།

     སླེབས་བྱུང་། སླེབས་བྱུང་། ལོ་ཧྲིལ་པོ་གཅིག་ལ་བྱིས་པ་ཚོས་རེ་སྒུག་བྱེད་བཞིན་པའི་དུས་ཆེན་དེ་སླེབས་བྱུང་། དགོད་སྒྲ་དང་དགའ་སྤྲོ་ཁྱེར་ནས་སླེབས་བྱུང་།དྲུག་གཅིག་གི་ཉིན་མོ་ནི་གསར་སྐྱེས་ཀྱི་མེ་ཏོག་ཅིག་དང་གཉིས་སུ་མེད།

     དྲུག་གཅིག་གི་ཉིན་མོ་འདི་ལ་སློབ་གྲྭའི་ནང་དུ་ནམ་རྒྱུན་དང་མི་འདྲ་བའི་སྤྲོ་སྣང་ཞིག་རྒྱས་ཡོད། སློབ་གྲོགས་ཆེ་ཆུང་ཚང་མས་གསར་དུ་བཀྲམས་པའི་སློབ་གོས་གྱོན་ཅིང་།ནག་ཤིག་ཤིག་གི་སྐྲ་ལོ་ཁྲ་སིལ་སིལ་གྱི་དར་སྐུད་ཀྱིས་བརྒྱན་ལ།ངོ་གདོང་ལ་དཀར་དམར་གྱི་ཚོན་རྩི་བྱུགས་ཡོད། དེ་རིང་གི་སློབ་ཁང་འདི་ཡང་། དབུགས་ལྒང་དང་དར་ཐག་སྣ་ཚོགས་ཀྱིས་བརྒྱན་ཞིང་མཛེས།

     ང་ཚོ་ནི་དམའ་འབྲིང་གཉིས་པའི་སློབ་མ་སྟེ། ལང་ཚོ་དར་ལ་བབས་པའི་གཞོན་ནུ་ཏག་ཏག་ཡིན་ན་ཡང་། ལོ་ཆུང་བྱིས་པའི་དུས་སྟོན་རོལ་ཐུབ་པ་འདི་ནི། ཞིབ་ཏུ་བསམ་ན་དགའ་འོས་བ་ཞིག་དང་ངོ་གནོང་བ་ཞིག་ཀྱང་རེད། དེ་རིང་གི་ང་ཚོའི་སློབ་གྲྭ་འདི་ནི་སུམ་རྩེན་ལས་ཀྱང་མཛེས་སྡུག་ལྡན་པས། སློབ་གྲོགས་ཚོའི་སེམས་ཀྱི་ངལ་ཞིང་དུབ་པའི་སྐྱོ་བ་ཡོད་ཚད་སངས་པར་བྱེད།

     ལྟོས་དང་། སློབ་གྲོགས་ཆུང་ཆུང་ཚོས་གར་གྱི་སྟངས་སྟབས་འཁྲབ་བཞིན་དུས་ཆེན་བསུས་བྱུང་། ཁོ་ཚོའི་གདོང་གི་འཛུམ་མདངས་ནི་ཇི་འདྲའི་ལྷད་མེད་དྭངས་གཙང་ཞིག་རེད་ཨང་།ཉོན་དང་། ཁུ་བྱུག་གི་གསུང་སྙན་མི་ཡུལ་ལ་ཁྱབ་པ་ལྟ་བུའི་སྙན་སིང་སིང་གི་གླུ་སྐད་དེ་གྲགས་བྱུང་།དེ་ནི་སློབ་གྲོགས་ཆུང་ཆུང་ཚོའི་དགའ་སྤྲོའི་འབོད་སྒྲ་མ་རེད་དམ། མཆོག་སྤྲུལ་དམ་པ་གྲལ་གྱི་དབུ་ལ་བཞུགས། སློབ་གཙོ་མཆོག་དང་དགེ་བའི་བཤེས་གཉེན་ཡང་། རང་རང་གྲལ་གྱིས་གདན་ལ་བདེ་བར་བཞུགས། དགའ་འོ་སྐྱིད་དོ་སྤྲོ་བའི་གར་ལ་རོལ།

     ངས་ཤེས་ཡོད། དེ་རིང་གི་དྲུག་གཅིག་འདི་ནི་ང་ཚོའི་སློབ་གྲྭ་ཁོ་ན་ཙམ་མ་ཡིན་པར། གནམ་འོག་གི་བྱིས་པ་ཡོད་ཚད་ཀྱི་དགའ་སྤྲོའི་ཉིན་མོ་ཞིག་ཡིན། དེའི་ཕྱིར། མཚམས་འདི་ནས་ངས་ཡིད་ཀྱི་ཁ་བཏགས་དཀར་པོ་དགུང་ལ་བཀྱགས་ནས། གནམ་འོག་གི་བྱིས་པ་ཡོངས་ཀྱི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ། མཚམས་འདི་ནས་ངས་དགའ་བའི་ཞབས་བྲོ་གར་ལ་འཁྱུག་ནས། ཁྱོད་ཚོའི་སེམས་པ་སྐྱིད་ལ་སྐུལ་བའི་སྨོན་འདུན་ཞུ།

     ན་ཆུང་བྱིས་པ་ཚོ། ཨ་ཅེ་ངས་ཁྱོད་ཚོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་སྙིང་ནས་རྟེན་འབྲེལ་ཞུ།

༢༠༢༢.༥.༣༠ཉིན་རྡོ་ར་དཀར་མོ་སློབ་གྲྭ་རུ་བྲིས།

 

 

 མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།

དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

                      (དམའ་གཉིས)པད་མ་རིག་འཛིན།

 

ཤར་ཕྱོགས་རི་བོའི་རྩེ་ནས།།

གསེར་གྱི་ཉི་མ་ཤར་བྱུང་།།

ཞོགས་པའི་འཛུམ་མདངས་ཁྲོད་དུ།།

བྱིས་པའི་དུས་ཆེན་སླེབས་བྱུང་།།

 

དགའ་སྐྱིད་ལྡན་པའི་ཉིན་འདིར།།

ལྡེམ་མྱུར་ཞབས་བྲོ་འཁྲབས་བྱུང་།།

སྙན་པའི་གླུ་ཆུང་ལེན་བཞིན།།

བྱིས་པའི་དུས་ཆེན་སླེབས་སོང་།།

 

དབྱར་ཟླ་དྲུག་པ་ཚེས་བས།།

བསིལ་འཇམ་སྦྲང་ཆར་བབས་བྱུང་།།

ཉི་མའི་ཚ་གདུག་འཇོམས་སོང་།།

དཀའ་སྡུག་སེམས་ཁམས་དྭངས་བྱུང་།།

 

དེ་རིང་དགོད་སྒྲ་ལྷང་ལྷང་།།

ཕན་ཚུན་སྙིང་གཏམ་ལྷུག་ལྷུག།

བདེ་སྐྱིད་ཉི་གཞོན་ཤར་བས།།

དུང་དཀར་མདུན་སོ་མཐོང་བྱུང་།།

 

བཀྲ་ཤིས་ཉིན་མོ་འདི་ལ།།

མཆོག་སྤྲུལ་དམ་པ་བཞུགས་ཡོད།།

སྐུ་ལ་གཟི་མདངས་རྒྱས་པ།།

གསུང་དབྱངས་རྣ་ལ་སྙན་པ།།

 

དོན་འགྲུབ་ཉིན་མོ་འདི་ལ།།

ཅོག་ཙེ་གྲུ་བཞིའི་སྟེང་དུ།།

ཞིམ་མངར་ཟས་སྣ་བསྒྲིགས་ཡོད།།

དགའ་སྤྲོ་གནོན་ཐབས་མ་བྱུང་།།

 

བྱིས་པའི་དུས་ཆེན་འདི་ལ།།

བུ་ངས་རེ་སྒུག་བྱས་ཡོད།།

ཉིན་དེར་སླེབས་པའི་དུས་ལ།།

བསུ་བསྟོད་ངག་ལ་གྱེར་ཡོད།།

 

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།



དྲུག་གཅིག་བྱིས་པའི་དུས་ཆེན།

                   (དམའ་གཉིས)རྣམ་རྒྱལ་ཚེ་རིང་།

 

ཡིད་འོང་སྐྱེད་ཚལ་སློབ་གྲྭའི་ལྡུམ་ར་ན།།

དབྱིབས་ལེགས་མདངས་མཛེས་བྱིས་པའི་ངོ་གདོང་འཛུམ།།

ལྡེམ་ལྡེམ་འཁྱུག་པའི་ཞབས་བྲོའི་ཉམས་འགྱུར་ལས།།

སློབ་གྲྭའི་དྲུག་གཅིག་འདྲེན་བྱེད་ལམ་དུ་སྡུག།

 

སྒྲ་དག་སྒྲས་གཙང་མདོ་འཛིན་ཕོ་མོའི་སྐད།།

ཁུ་བྱུག་དབྱངས་སྙན་ཡན་ལག་དྲུག་ཅུའི་གསུང་།།

ལྷང་ལྷང་བྱིས་པའི་གླུ་སྐད་དྲི་ཟའི་དབྱངས།།

དེ་རིང་དགའ་སྟོན་ཐོས་འཛིན་ལམ་དུ་སྙན།།

 

སྦྲང་ཆར་སིམ་སིམ་དལ་གྱིས་ས་ལ་ཐིམ།།

རྟ་བདུན་དབང་བོའི་གསེར་འོད་འཛུམ་ཞལ་རྒྱས།།

རྩྭ་ལྗང་གཡུ་ལོ་ལྡེམ་པའི་སྤང་ཐང་ན།།

བག་མེད་རྩེ་དགར་གཡེང་བའི་བྱིས་པ་སྐྱིད།།

 

ཆུང་ཆུང་བྱིས་པའི་ངོ་གདོང་འཛུམ་ཤིག་ཤིག།

རྣམ་དག་གཙང་མའི་སེམས་ཁམས་སྤྲོ་ལྷང་ལྷང་།།

ཕ་མའི་སྙིང་གི་གཅེས་ལོ་འདི་དག་གིས།།

དྲུག་གཅིག་བྱིས་པའི་དུས་བཟང་སེམས་ནས་བསུ།།

 

གླུ་གར་སྤྲོ་ཚོགས་རྒྱས་པའི་ལྟད་མོ་དང་།།

ཁ་མངར་ཞིམ་དགུའི་ཟས་ཀྱི་སྡེར་ཁ་སོགས།།

ཅི་དགར་ཕངས་མེད་རོལ་བའི་ངང་ཚུལ་དག།

མཚར་སྡུག་ལྡན་པའི་སྙིང་གི་ཕྱིར་དྲན་ཡིན།།

 

དགེ་རྒན་དམ་པའི་ཅི་བསམ་དོན་འགྲུབ་ཅིང་།།

སློབ་རའི་ཁོར་ཡུག་བདེ་ཞིང་སྐྱིད་པ་དང་།།

སློབ་གྲོགས་ཀུན་གྱི་ལུས་བདེ་སེམས་སྐྱིད་པའི།།

རྣམ་དག་སྨོན་ལམ་གཙང་མ་ཡང་ཡང་འདེབས།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།

  • ལེ་ཚན་སྔོན་མ།:གཅེས་ཕྲུག་ཚོ་དང་མཉམ་དུ་དུས་སྟོན་རོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།