ཧུན . དུར་རོ། 2022-05-30
ང་རང་འཁོར་བའི་ངོས་ཀྱི་ཟླ་བ་སྟེ། །
འོད་ནི་མི་ཚོགས་སེམས་ཀྱི་རླབས་དཀར་ཡིན། །
ཁེར་ཧྲེང་འཚོ་བའི་ལམ་ཐག་རྒྱང་ལ་འཐེན། །
མི་ཚེའི་མེ་སྟག་ཕྲ་མོ་གཟིམ་ལ་ཉེ། །
ཚོར་བའི་རླབས་དཀར་འཕྱོ་བའི་སེམས་པ་རེ། །
འདས་ཟིན་ལོ་རྒྱུས་ངོས་སུ་བཞུར་བ་ན། །
ན་ཟུག་དབྱིངས་ལ་འཐེན་པའི་སྨྲེང་གླུ་དང་། །
ཕངས་སེམས་རི་མོ་ནག་ནོག་ཅི་ཡང་འཆར། །
ཡིད་ནི་སྤྲིན་དཀར་ཕོན་པོའི་རྡེ་འུ་ཡིན། །
སྐད་ཅིག་གློག་གི་མཛའ་མོ་སེམས་པ་ཡིན། །
མ་ཟིན་བྱ་བའི་ཁྲོད་ནས་རབ་རིབ་ཡིན། །
འདོད་ཆགས་ཚེར་མའི་གསེང་ནས་དྭངས་དྭངས་ཡིན། །
ད་ནི་རང་གི་ལམ་བུ་རྒྱང་ལ་འཐེན། །
སེམས་པའི་ལྕེ་ཡིས་ཤེས་བྱའི་བུ་རམ་ལྡག །
འདི་ཕྱི་དམུ་ཐག་སྐས་ཀྱི་ཐེམ་པ་རེ། །
བསོད་ནམས་ལས་ཀྱིས་བརྒལ་བར་བྲེལ་སྣང་འཆར། །
ཨེ་མ་འཁོར་བ་འདི་ཡང་བཙོན་དོང་མིན། །
འཁོར་བའི་ལྷ་མོ་འདི་དག་ཐར་པ་ཡིན། །
འཁོར་བའི་ཕྱི་ཤུན་འདི་ནི་འཚོ་བ་ཡིན། །
འཁོར་བའི་ནང་སྙིང་དེ་ནི་བདེ་བ་ཡིན། །
ཡོད་མེད་སྐད་ཆ་དེ་དག་རྫུན་མ་ཡིན། །
དོན་དམ་སེམས་པས་ཟིན་ན་དངོས་ཡོད་ཡིན། །
ལམ་བུ་ཀྱག་ཀྱོག་སེམས་པའི་གཞུང་ལ་འཐེན། །
བདེན་རྫུན་བློ་ཡི་ངོས་སུ་སྤུར་བར་རྩོམ། །
ཨ་ཧོ་ཆོས་ལ་གོམས་པའི་རང་རྒྱུད་དེ། །
ད་ལྟ་བསམས་ན་ཁྲེལ་གཞུང་གུད་དུ་རྒྱུ། །
ནམ་ཞིག་རྒྱ་ལས་གྲོལ་ཏེ་སེམས་ངོ་བཙལ། །
མཐར་ཐུག་ཐར་པའི་རི་སུལ་འགྲིམ་སྙིང་ཆེ། །
འདབ་ལོའི་ངོས་སུ་ཟིལ་བ་ཐར་ཐར་འཐོར། །
ཟིལ་ཐིགས་རེ་རེ་མེ་ཚེའི་ཁུད་ན་འཕྱོ། །
ཐ་སྙད་རླངས་པ་ཁ་སྤུའི་ནང་ན་འཚེར། །
དོན་དམ་དབུ་བ་དཀར་པོ་སེམས་སུ་འཇོ། །
མངོན་རྗེས་ཚད་མའི་ཐག་ནག་ཞགས་པ་དེ། །
བདག་འཛིན་གླང་སྨྱོན་དར་མའི་སྐེ་ལ་བསྐོན། །
ཡིན་མིན་བློ་ཡི་སྒྲོ་འདོགས་རབ་རོབ་དག །
ཡང་དག་རིགས་པའི་བར་ནས་གསལ་བར་བྱ། །
རང་སེམས་མེ་ལོང་གསལ་བའི་ངོས་ཡངས་ལ། །
ནག་ནོག་ས་རྡུལ་སྐྱ་བོ་བྱི་དོར་བྱ། །
གནས་ལུགས་ཨ་ཡིག་དཀར་པོའི་ཕྱི་ནང་ནས། །
དོན་དམ་སེམས་ངོ་འདི་ལ་རང་ངོ་འཛིན། །
ཧད་ཀྱིས་བལྟས་ན་རང་སེམས་རང་ལ་དབང་། །
སེམས་ཀྱི་ངོས་སུ་མཛུབ་མོས་ཡང་ཡང་བཙུགས། །
གཞི་ཡི་གནས་ལུགས་རང་རྒྱུད་དམ་པ་ཡིན། །
སོ་སོར་བཞག་ན་འཁྲུལ་སྣང་འཕྱོ་ཉེན་གདའ། །
ཨེ་མ་སྤྲིན་དཀར་འདབ་མ་མཁའ་རུ་རྒྱུ། །
སོས་ཀའི་དུས་སུ་ལྗང་གཞོན་སྤང་ལ་ཡན། །
ཧ་ཅང་མཚར་སྣང་འཆོར་བའི་སྒྱུ་འཕྲུལ་དག །
རྒྱུ་འབྲས་གནས་ལུགས་གསལ་བའི་དན་རྟགས་ཡིན། །
ཕྱི་མའི་ལམ་ཁ་མུན་པ་ནག་ནོག་ཅེས། །
སུ་ཞིག་གིས་ཀྱང་བདེན་དཔང་སྟོན་ཐུབ་མེད།
ད་ལྟའི་འདི་སྣང་འཁྲུལ་བའི་གནས་ལུགས་དེ། །
རང་གིས་རང་ལ་བཞག་པ་ཨེ་ཡིན་བསམ། །
གཏན་ཚིགས་རྨི་ལམ་ངོས་སུ་རྒྱང་རིང་རྨིས། །
དོན་དམ་སྒེའུ་ཁུང་དེ་ཉིད་གཞན་ལ་གཡར། །
ཐང་སྟོང་ཕྱེ་མའི་ནང་ནས་རང་ཉིད་བཙོག །
ཕྱི་མའི་ལམ་ཁ་རྟག་པའི་མཚོ་མོར་ཐིམ། །
གློ་བུར་ངེས་འབྱུང་རྩྭ་མགོའི་ཟིལ་བ་ཡིན། །
རྐྱེན་ཕྲ་དོག་པོ་རེ་ཡིས་གཏོར་ནུས་པས། །
ཆུ་ཡི་གཉེར་མ་ལས་ཀྱང་མི་རྟག་ན། །
འདི་འདྲའི་ངེས་འབྱུང་ཙམ་གྱིས་ཆོག་མི་བྱ། །
རྩོམ་གསར། 10