ཤེས་ཡོན་ནོར་བུའི་རང་སྒྲ།

ཉི་མ།        2022-05-27

ང་ནི་ཤེས་ཡོན་བྱ་བ་ཡིན།།

ང་ལ་དགའ་བའི་སྐྱེ་བོ་དེ།།

ངལ་དུབ་ལས་ལ་ཞུམ་པ་མེད།།

ཟས་ཆད་ཉལ་ཆད་སྐྲག་པ་མེད།།

ཉིན་མཚན་དུས་ལ་དབྱེ་བ་མེད།།

རྩེད་འཁྱམ་རྣམ་གཡེང་དགྱེས་པ་མེད།།

ཚ་གྲང་གདུང་བས་གནོད་པ་མེད།།

ངག་འཁྱལ་ལེ་ལོ་འདའ་བ་མེད།།

ཟླ་ལོར་འབད་བརྩོན་བསྟུང་བ་མེད།།

མི་མངོན་བརྗེད་ངས་རྐུ་བ་མེད།།

ཆང་དུད་ཤོ་ལ་སྤྲོ་བ་མེད།།

གོས་རྒྱན་མཛེས་ལ་དགའ་བ་མེད།།

དབྱེན་སྦྱོར་དཀྲུག་བཤིག་གཏོང་བ་མེད།།

འདུ་འཚོགས་ཁྲོམ་འཚོགས་ཉུལ་བ་མེད།།

དེ་ཕྱིར་ང་ལ་དགའ་བ་དེས།།

ཤེས་བྱ་ཆུང་ངུའང་མི་གཏོང་ཞིང་།།

ཤེས་བྱ་གཅིག་ལའང་མི་ཆགས་པར།།

ཐམས་ཅད་ཡིད་ནས་མི་བརྗེད་ཅིང་།།

བློ་གྲོས་བང་མཛོད་གཏམས་པར་བྱེད།།

ཤེས་ཡོན་ནོར་གྱིས་ཕྱུག་པ་དེའི།།

སྙིང་རུས་རི་གཟར་རྦབ་རྡོ་བཞིན།།

བྱ་བ་གང་ལ་འབད་རྩོམ་ན།།

མཐར་ཕྱིན་མི་འགྱུར་གཅིག་ཀྱང་མེད།།

ཤེས་བྱ་ཡོན་ཏན་ནོར་བུ་འདི།།

ཉིན་བརྒྱར་སྤྱོད་ཀྱང་འཛད་པ་མེད།།

སྤྱོད་བཞིན་སྤྱོད་བཞིན་ཇེ་མང་འགྱུར།།

ཆར་ཆུས་བརླན་ཀྱང་སྦོང་བ་མེད།།

རློན་བཞིན་བརླན་ལ་ཇེ་སྐྱེས་གྱུར།།

རླུང་ལྷགས་འཁྱེར་ཀྱང་འཕྱིད་པ་མེད།།

འཁྱེར་བཞིན་ཁྱེར་ལ་ཇེ་བརྗིད་འགྱུར།།

ཆམ་རྐུན་འཕྲོག་ཀྱང་བོར་བ་མེད།།

འཕྲོག་བཞིན་འཕྲོག་ལ་ཇེ་སྙན་འགྱུར།།

མེ་ཉིས་བསྲེགས་ཀྱང་ཚིག་པ་མེད།།

སྲེག་བཞིན་བསྲེགས་ལ་ཇེ་མཛེས་འགྱུར།།

གནས་བཅུད་འཇིག་རྟེན་ཁམས་ཆེ་ཡང་།།

ཤེས་བྱས་མ་བཟུང་གཅིག་ཀྱང་མེད།།

ཤེས་བྱ་ཡོན་ཏན་བརྒྱན་པའི་བློ།།

དད་གུས་ཆེན་པོས་འཇོ་བ་ལས།།

བཙན་པོའི་ཁྲིམས་དང་གཡོ་སྒྱུའི་འཕྲུལ།།

ནམ་ཡང་འཇོ་མེད་ཡོན་ཏན་གཤིས།།

དེས་ན་གཞོན་ནུ་རིག་རྣོ་ཚོ།།

ང་ལ་དགའ་བས་རོལ་འདོད་ན།།

སྤང་བླངས་གདམ་ག་མི་ནོར་བའི།།

དེ་རིགས་གོམས་ལ་ངེས་པར་གཅེས།།



  • ལེ་ཚན་སྔོན་མ།:གྲོགས་ལ་མཆན་དུ་བཏབ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།