བསྐལ་པའི་ལས།

གཞི་ཚང་ཟླ་བ་གྲགས་པ།        2022-05-13

སེམས་སོང་ཁྱོད་ནི་འཁོར་བའི་ནེའུ་ཐང་གི།

གཤོག་ཐོགས་གཡུ་སྦྲང་ཞིག་ཏུ་གྱུར་འདི་ཅི།།

སྐྱེད་མོའི་ཚལ་དུ་ལས་ཀྱིས་འཕྲད་པའི་དུས།།

མེ་ཏོག་དྭངས་མོ་ཞིག་ཏུ་འཁྲུལ་སོང་སྟེ།།

ལུས་ངག་རྣམ་འགྱུར་དག་ནི་ཡི་གར་འོང་།།

དིར་དིར་གླུ་དབྱངས་རྣ་ལམ་གཞོགས་ནས་ཀྱང་།།

སེམས་ཀྱི་དངན་པ་ལུང་ཁོག་གཙང་པོ་བཞིན།།

ཆད་མཐར་ལྷུང་ལ་བྱ་ཐབས་ཡོད་མ་ཡིན།།

བདག་ནི་ཤིན་ཏུ་རྡུགས་པའི་ཉམས་དང་བཅས།།

ཚེ་རབས་ཕྱི་མའི་ཞིང་ལ་མིག་འབུར་གཏོད།།

ཚེ་སྲོག་ཆུ་བོ་མར་མར་བཞུར་ཚར་དུས།།

འུ་གཉིས་ཆར་འབྲུ་གཉིས་ལ་སྤྲུལ་འདོད་སྐྱེས།།

ཆུ་ཕྲན་བསྡོངས་ཏེ་རྒྱ་མཚོར་ཐིམ་གྱུར་ན།།

ཀྱེ་མ་བདག་གིས་ཅི་ཡང་བློ་ཡིས་ཐོང་།།

ཡང་ན་བདག་གིས་ལས་ཀྱི་སྒང་གཤོང་བསློག།

སེམས་འདུན་ས་བོན་དག་ནི་གཤིན་ལ་གདབ།།

དབྱར་དགུན་དུས་ཚིགས་དྲོ་གྲང་ཅི་ཆ་ཡང་།།

སྤང་དང་མཚོ་མོའི་གཏམ་རྒྱུད་ཕྱི་ནང་འཇེབས།།

ཆོས་ཉིད་གཤིས་ལུགས་དག་ཀྱང་ཐད་དུ་བཞག།

སྡོང་པོ་ཡལ་ག་སོ་སོར་གྱེས་ཤུལ་དུ།།

སླར་ཡང་ཉི་མ་ལྷ་སའི་ཐེམ་སྐས་འཛེག།

  • ལེ་ཚན་སྔོན་མ།:དབྱངས་ཅན་མར་བསྟོད་པའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།