དམིགས་པ་མེད་པར་དགེ་རྒན་བྱས།

ཆུ་བ་བདེ་དགའ།        2022-05-16

བརྒྱ་ལ་འདི་ནི་ངས་ཆེད་དུ་རང་གི་དུས་ཚོད་བརླག་པ་ཡང་གོར་མ་ཆག།ཉིས་སྟོང་བཅུ་དྲུག་གི་སྔ་ཕྱིར་མཚོན་ན།ང་རང་གསར་དུ་སློབ་མཐར་ཕྱིན་ཅིང་འཆར་གཞི་ལྟར་ཁྱིམ་དུ་ལོག་ནས་འདུག་པ་ལས།སྐབས་དེའི་སློབ་གྲོགས་གཞན་དག་དང་འདྲ་བར། སློབ་ཆེན་ཟུར་འདོན་བྱེད་པ་དང་ཞིབ་འཇུབ་སློབ་མར་ཡིག་ཚད་བཏང་ནས།འཆར་གཞི་ངེས་ཅན་གྱིས་མ་འོངས་པའི་བྱ་བ་དོན་སྙིང་ཅན་ཞིག་ལ་ཉེར་བསྡོགས་བརྩམ་རྒྱུ་ནི“ཕ་རིའི་སྤང་རྒྱན”ཡིན་ནོ།། ཟླ་བ་འགའ་ཤས་ཤིག་འགོར་བའི་མཚམས་ནས་བཟུང་བླ་བྲང་ལ་འཁྱམ་སྐྱོད་དུ་སོང་ཞིང་།དེ་གར་བསྡད་དེ་ལོ་གསར་པར་གྲབས་བྱེད་པའི་མཚམས་ལ་མ་གཏོགས་ཕྱིར་ཁྱིམ་དུ་མ་ལོག།དུས་ཚོད་དེའི་རིང་ལ་ངས་སློབ་སྦྱོང་ཞིག་ཨེ་ཐུབ་བསམ་པ་ཡིན་མོད།ཁོག་ན་གཏན་ཚུགས་མེད་ལ་མདུན་ན་དམིགས་ཡུལ་མེད་པའི་མི་ཞིག་གི་ངོས་ནས།སློབ་ཁྲིད་གང་དང་ཅི་ཞིག་ལ་སོང་ཡང་ཅི་ཞིག་ལ་ཁྲལ་འཇལ་བ་དང་འདྲ་བར།དྲང་མོར་བཤད་ན་འཁྲབ་སྟོན་རྐྱང་པར་ཆགས་སོང་། ཡང་ན་རྒྱ་མིའི་ཁ་དཔེ་ཞིག་ཏུ“ནོར་གྱི་རྣ་ལམ་དུ་རོལ་མོ་དཀྲོལ་བའི”དཔེ་རུ་ཡང་སོང་ལས་ཆེ། “སྔགས་པས་ལོངས་ན་རལ་བས་ལོངས་པ”ལྟར་སྐབས་དེར་དགེ་རྒན་བཟང་པོར་འཕྲད་མོད་དེས་ཀྱང་རྔོ་མ་ཐོགས་པར།ཐ་མར་ལག་སྟོང་མཆན་ལ་བཙིར་ནས་ཡིན་མདོག་ཁག་པོས་ཉིས་སྟོང་བཅུ་དྲུག་གི་ཟླ་བ་བཅུ་གཉིས་པའི་ཟླ་སྨད་དུ་ཁྱིམ་ལ་ལོ་སར་གཏོང་དུ་ཡོང་བ་ཡིན།

ལོ་དེའི་ཕྱི་ལོ་ནས་སྔར་བཞིན་ཝ་སྨུག་པའི་ནང་ལ་སོང་བ་ལྟར་གཏོལ་མེད་དུ་སྡོད་དུས་ཤིག་ལ།གློ་བུར་ཤ་ཉེ་དགེ་རྒན་ཞིག་ཡོད་པ་དེར་འབྲེལ་བ་བྱས་ཤིང་།སློབ་གྲྭར་དགེ་རྒན་སྡུད་བཞིན་ཡོད་མེད་ལ་འདྲི་རྩད་ཅིག་བཏང་བ་ཡིན།དོན་དངོས་ཐོག་ངས་དེ་དུས་མ་གཏོགས་དགེ་རྒན་ཞིག་ཡིན་ཚེ་བསྐོས་བཞག་ཡིན་པ་ལས། གདན་ཞུ་དང་ཚབ་ཁྲིད།ཡང་ན་དགེ་རྒན་བྱ་བའི་སྔོན་འགྲོ་གང་ཡང་མ་འགྲུབ་པར།དགེ་རྒན་བྱེད་ཆོག་པའི་སྲོལ་དེ་ལར་ནས་ཤེས་ཀྱིན་མེད། ཉིན་ཤས་རྗེས་སུ་ཁོས་ཁ་ཐོག་གི་རི་མོ་དོན་ཐོག་ལ་བླངས་ནས་ངའི་སྐོར་སློབ་གྲྭའི་འགོ་བར་སྙན་གསལ་ཞུས་ཟིན་པས། དེ་གའི་འགོ་བ་ཞིག་གིས་ཁ་པར་འོངས་ཏེ་ངོ་ཐུག་ནས་གྲོས་མོལ་བྱེད་པར་གཏན་ཁེལ།སློབ་འགོ་རྩོམ་གྲབས་ཡོད་པའི་ཉིན་གསུམ་བཞི་ཞིག་གི་སྔོན་ལ།ངེད་གཉིས་ཁ་ཆད་ལྟར་རྒྱུད་འགོའི་ཟམ་ཆེན་གསར་པའི་འགྲམ་དུ་དར་ཅིག་ལ་ཐུག་འཕྲད་བྱས།ཁོས་ངའི་བསླབ་གནས་སོགས་ཀྱི་སྐོར་ཅུང་ཙམ་འདྲི་བ་ལས་གཏིང་སྔོག་པ་ཞིག་མ་དྲིས། “སློབ་གྲྭ་འཚོག་པའི་ཉིན་ལ་ང་ཚོ་ལྷན་དུ་འགྲོ།”ཟེར་མཁན་སློབ་གྲྭའི་སློབ་སྟོན་འགོ་བ་རེད། སྐབས་ཐོག་འདིར་ང་ལ་སྤྲོ་སྣང་ཚད་མེད་ཅིག་སྐྱེས་ཏེ་གློ་བུར་ཅི་ཞིག་བྱ་དགོས་འདུག་སྙམ་པ་རེའང་བྱུང་།ང་སྔོན་མ་ཆུང་ཆུང་ཡིན་དུས་དགེ་རྒན་བྱ་རྒྱུར་ཅུང་ཙམ་ཡིད་བྲོད་མོད།ཕྱིས་སུ་དེའང་ཁོར་ཡུག་གིས་མག་མོག་ཅིག་ཏུ་བཏང་ནས།མཐར་ཆགས་སུ་བྱ་བ་འདི་འདྲ་ཞིག་སྒྲུབ་བསམ་པ་ཞིག་མ་བྱུང་།

ཏག་ཏག་ཉིན་དེའི་རྗེས་སུ་རྭ་རྒྱར་དཔྱིད་གངས་ཆེན་པོ་ཞིག་བབས་པ་དང་།དུས་ཆད་བཏབ་པའི་སློབ་གྲྭའང་འཚོག་རན་སོང་། སྤྱིར་ན་སློབ་གྲྭ་དེ་གའི་དགེ་རྒན་དག་དང་འགྲོགས་ནས་ཕྱིན་ན་འགྲིག་མོད།དེ་ལྟར་བྱ་རྒྱུའི་གོམས་སྲོལ་ཡང་མི་ཤེས་ལ་བརྗེད་ཀྱང་སོང་།ཡིད་བྲོད་སོང་བས་ཡིན་ནམ་ཉམས་མྱོང་མེད་པས་ལན་ནམ།གང་ལྟར་རྒྱུས་ལོན་ཡང་མ་བྱས་པར་ཨ་མ་ལགས་ཀྱིས་བཟའ་བྲོ་བཅས་ཤིང་།ཨ་ཕ་ལགས་ཀྱིས་ངེད་ཚང་གིXIALIརྟགས་ཅན་གྱི་མོ་ཊས་བསྐྱལ་ནས་འབྲོག་སའི་སློབ་གྲྭ་དེར་སོང་བ་ཡིན།དམིགས་པ་དང་འགྲོ་སྟངས་མི་ཤེས་པའི་མི་ཞིག་ལ་མཚོན་ན་དེའང་བླུན་ལས་ཐེངས་ཤིག་ཅི་ལ་མིན།ཡག་པ་ཞིག་ལ་སྔར་འབྲེལ་བ་འཛིན་སའི་ཤ་ཉེ་དགེ་རྒན་དེ་སློབ་གྲྭར་འདུག།གལ་ཏེ་ཁོའང་མེད་ཚེ་ངོ་མ་བླུན་རྟགས་ཆེ་ཞིག་བསྟན་ཡོད་ཤས་ཆེ། ཁ་སྐྱེངས་པ་ལ།ཕྱི་དྲོ་དེར་སློབ་གྲྭའི་ཕྱི་ན་ལྕགས་ཁང་ཕུབ་པའི་འབྲོག་པའི་ཚོང་ཁང་ཆུང་བ་ཞིག་འདུག་པ་དེར་མཁོ་དངོས་རེ་ཉོ་སྒྲུབ་བྱེད་དུ་སོང་བ་ན།གློ་བུར་དུ་སློབ་གྲོགས་ཟུར་པ་རྡོ་རྗེ་ལ་འཕྲད་པ་དང་། སྔོན་མ་སློབ་མའི་ལོ་རབས་ནས་ད་ལ་ཐུག་གི་བར་གཏམ་གྱིས་གཏུགས་ཤིང་།དེ་ནས་ང་རང་ཡང་འདིར་དགེ་རྒན་བྱ་རུ་ཡོང་བ་ཡིན་ཚུལ་སོགས་ཡས་བཤད་མས་བཤད་མང་དུ་བྱས་རྗེས།ཁོས་ང་ལ་མཐོང་སྤྲད་ནས་ཁོ་ཚང་ལ་ཁྲིད་ཅིང་མགྲོན་བསུ་རྒྱ་ཆེན་པོ་བྱས།སྨག་རིམ་གྱིས་ཇེ་ནག་ལ་སོང་བ་དང་བསྟུན་ནས་རང་ཡང་འགྲོ་རན་པས། སློབ་གྲོགས་རྡོ་རྗེས་ང་རང་བསྐྱལ་ནས་སློབ་གྲྭར་ཐོན་ལ།སྐབས་དེར་གཟོད་ལ་སློབ་གྲྭ་དེ་གའི་དགེ་རྒན་དག་རྡོག་ཐོན་བྱས་ཏེ་ཟོང་རྣམས་རླངས་འཁོར་ལས་བླངས་ཏེ་མཛོད་དུ་འཇོག་གིན་འདུག།འོན་ཏེ་ང་ཁོ་ཚོའི་འཁྲིས་ལ་མ་སོང་བར་རྒྱང་དེ་ཙམ་མི་རིང་བའི་ས་ནས་བལྟས་ཏེ་བསྡད་པ་ཡིན།

དེའི་དགོང་མོར་ཁོ་ཚོས་སྡེར་ཁ་བཤམས་ཤིང་སློབ་གྲྭའི་ནང་དུ་ལོ་གསར་པའི་ཟོལ་ལྟ་བུ་བྱས་ཏེ།ཞར་ལ་ང་དང་ཉིན་གཅིག་ལ་ཡོང་བའི་དར་ལག་ནས་ཡིན་པའི་བསྐོ་བཞག་དགེ་རྒན་ཤེས་རབ་བཟང་མོ་ངེད་གཉིས་བསུ་མ་ལྟ་བུའང་བྱས་སོང་།མཚན་མོའི་དུས་ཚོད་དགུ་པ་དང་བཅུ་པ་གང་རུང་གི་མཚམས་སུ།དེ་གའི་སློབ་སྟོན་འགོ་བ་མིང་ལ་དཀོན་མཆོག་ཚེ་བརྟན་ཞུ་བས་རང་ཁྱིམ་དུ་བོས་ཏེ།ང་ཚོས་མཉམ་དུ་གཞས་བླངས་ཤིང་བྲོ་འཁྲབ། རོལ་རྩེད་སྣ་ཚོགས་བརྩེས།སྐབས་དེ་ཙམ་ལ་ང་ལ་སྐྱེངས་པ་ཅུང་ཙམ་བྱུང་ཡང་། ཅི་མི་སྙམ་པར་སྙན་ངག་ཅིག་ཀྱང་གྱེར་འདོན་བྱས།

ཕྱིར་ཉིན་ཞོགས་པར་ཁ་བ་ཅུང་ཙམ་ཉི་འོད་དུ་བསྡེབས་ནས་བབས་འདུག།ནངས་ཇ་བཏུང་ཚར་རྗེས་ངས་ཀྱང་མི་ཚེའི་ནང་དུ་དགེ་རྒན་ཞེས་པའི་མིང་བརྡ་སྙན་མོ་དེ་ཁུར་ཏེ།ཁོ་ཚོའི་གྲལ་ལ་འཚངས་པ་དང་སློབ་སྐབས་གསར་པའི་ཚོགས་འདུར་ཞུགས།ང་ལ་རེའུ་མིག་མང་ཞིང་མགོ་བཙེམ་རྣམ་པའི་གཞི་སྔོ་ལ་གྲུ་བཞི་ནར་གཟུགས་ཡིན་པ།མདུན་ཤོག་ཏུ“རྭ་རྒྱ་བཅའ་སྡོད་སློབ་ཆུང་གཉིས་པའི་དགེ་རྒན་བྱ་བའི་ལག་དེབ་ཅེས”བྲིས་འདུག་པའི་དེབ་འགའ་དང་འབྲི་དེབ་མཐུག་པོ་རེ་སྤྲད་བྱུང་།ངས་དེ་ལ་ལྟ་ཡིན་ལྟ་ཡིན་ཧོབ་ཏེ་མགོ་རྨོངས་པར་གྱུར། དེའི་རྗེས་ཏག་ཏག་ལ་རེད།སློབ་གཙོས་ང་འབོད་ཀྱིན་འདུག། ངེད་དེའི་སར་ཕྱིན་པ་ན་སྤམ་མདོག་དང་ཁེངས་རློམ་གྱིས་ཕན་ཐོགས་མེད་པའི་བསླབ་བྱ་རེ་བཏང་བ་དང་།ཞོར་དུ་དགེ་རྒན་ཞིག་ཡིན་པས་ན་སྤྱོད་ལམ་ཡག་དགོས་པས།ང་ལ་ངེས་པར་དུ་ཁྱོད་ཀྱི་སྐྲ་གཏུབ་དགོས་ཞེས་དབང་ཆའི་གོ་བརྡ་ཞིག་སྤྲད་བྱུང་ལ།དེ་ཤེད་ལ་ངས་ཀྱང་བདེན་སྙིང་འདུག་པ་དང་རང་ངོས་ནས་སྐྲ་དགའ་ཙམ་ཡོད་མོད།ད་ནི་ཅིས་ཀྱང་ཁོས་བཤད་པ་ལྟར་བྱ་དགོས་སྙམ་བྱུང་།ཡུན་རིང་མ་སོང་བའི་ཉིན་ཞིག་གི་དགོང་མོའི་དུས་ཚོད་བཅུ་གཉིས་ཀྱི་མཚམས་ཤིག་ལ།སློབ་གྲྭ་དེ་གའི་དགེ་རྒན་ཚོ་འུར་ཟིང་དང་བཅས་བྲེལ་འཚུབ་ཀྱིས་སྒོར་འགྲོ་བཞིན་འདུག་མོད།ང་མ་སོང་བར་གཉིད་ཉལ་ནས་བསྡད་པ་ཡིན། “ས་ཕྱར་ན་རྡོ་ལྷང་ལ་འབུད་པ”ལྟར་ཕྱི་ཉིན་ཞོགས་པར་སྔ་དགོང་གི་དོན་དེ་ཅི་ཡིན་པ་གསལ་པོ་ཞིག་ཤེས་ཡོང་།མ་གཞི་དེ་ནི་ང་ལ་ཉིན་འགའི་སྔོན་དུ་ཀུན་སྤྱོད་དང་མི་གཞིའི་སློབ་གསོ་རྒྱག་པའི་སློབ་གཙོ་དེའི་འཆལ་སྤྱོད་ཅིག་གི་རྐྱེན་མ་ཡིན་ནམ།

ཁོའི་དོན་དག་དེའི་དབང་གིས་ཉིན་མང་པོའི་རིང་སློབ་གྲྭ་ཟིང་ཟིང་དུ་གྱུར་ཅིང་།དགེ་རྒན་དང་སློབ་མ་ཚོའང་ལུག་ཁྱུར་སྤྱང་ཀི་བརྒྱུགས་པ་ལྟར་ཁ་ཐོར་དགུ་ཐོར་དུ་གནས།གོ་རིམ་མེད་ཅིང་སློབ་སྒྲུབ་ཆ་རྐྱེན་ཞན་པའི་གནས་ཚུལ་ཡིད་སྐྱོ་བོ་ཞིག་གི་འོག ངས་ཀྱང་ཁོ་ཚོ་ལྟར་མི་མཛའ་བཞིན་དུ་དགེ་རྒན་ཞེས་པའི་མིང་དེ་ཁུར་ཞིང་།འཆར་སྒོ་སོས་ཀའི་མེ་ཏོག་ལྟ་བུའི་སློབ་མ་མང་བོ་ཞིག་གི་རྣམ་དཔྱོད་རྩ་ནས་བྲེགས་ཡོད་ངེས།

གཟའ་འཁོར་གཅིག་འགོར་སོང་། སྐབས་དེ་ཤེད་ལ་གཟོད་དུ་སྔར་གྱི་སློབ་གཙོ་བརྗེས་པ་དང་།སློབ་གཙོ་གསར་པ་མིང་ལ་དགེ་ལེགས་ཞུ་བ་དེ་ཡང་རྫོང་སློབ་གསོ་ཁང་གིས་བསྐྱལ་ནས་ཐོན་བྱུང་།འདིའི་བར་ན་ཡིད་སུན་པར་བྱེད་པའི་དོན་དག་རེ་ཟུང་ཡོད་མོད། ད་སྐྱུར་ཞོག།སློབ་གཙོ་གསར་པ་ནི་ས་གནས་རང་གི་མི་ཡིན་ཞིང་།སྔོན་མར་མངགས་གཏོང་ཁང་དང་སློབ་ཆུང་དགེ་རྒན།དེའི་ཕྱིས་ནས་རྫོང་སློབ་གསོ་ཁང་དུ་ལས་གནས་སྐྱས་འདེགས་བྱས་ཏེ་དེ་གར་ལས་ཀ་བགྱིས་མྱོང་བ་ཞིག་རེད།ང་རང་འདིར་མཚམས་སྦྱོར་བྱས་པའི་ཤ་ཉེ་དགེ་རྒན་དེས་བཤད་པ་ལྟར་ན། སློབ་གཙོ་གསར་པ་ནི་འུ་ཅག་གི་ཉེ་ས་ཡིན་ནི་རེད་ཟེར།ཡིན་ཡང་ངས་དེ་ལ་དོ་སྣང་ཆེན་པོ་མ་བྱས། དུས་ཚོད་རིམ་གྱིས་འགྱངས་ནས་གླགས་ཤིག་ལ།སློབ་གཙོ་གསར་པས་ང་ལ་བཤད་རྒྱུར།“ང་ཐོན་པའི་ཉིན་དང་བོར་ཁྱོས་བཞག་པའི་བག་ཆགས་ནི།ཅི་འདྲའི་མི་རྩུབ་སྤྱོད་ཅན་ཞིག་རེད།ཕྱིས་སུ་གདོང་ཐུག་རེའང་རྒྱག་དགོས་རྒྱུ་རེད་སྙམ།”ཞེས་པ་སོགས་ང་ལ་སྐད་ཆ་མང་ཙམ་བཤད་ལ།སྐབས་དང་སྐབས་སུ་རང་ཉིད་ཚད་མར་བཞག་སྟེ་གཞན་ལ་ཕན་ཐོགས་མེད་པའི་བསླབ་བྱ་ནར་བོ་རེ་བརྒྱབ་མྱོང་།དེ་ནི་ཁོའི་བསམ་པར་མི་ཆོས་གནད་ཀྱི་ཁ་ཏ་ཞིག་ལ་བསམ་མོད་ཀྱང་། ཕ་རོལ་བ་ངའི་ངོས་ནས་བརྩི་འཇོག་མ་བྱས་པའམ་འགྲོ་སྟངས་མེད་པའི་གནས་ཤིག་ཏུ་སེམས།རྒྱུ་མཚན་ཁོའི་བཤད་བཤད་རྒྱག་ས་ནི་དགེ་རྒན་རྣམས་ཀྱི་ཟ་ཁང་ཡིན་པ་དང་། ངའི་སྒེར་གྱི་སྐད་ཆ་འཁྲོལ་ལུགས་ལ་ཅི་མི་སྙམ་པར་དཔྱད་འཇོག་དང་ལེགས་ཉེས་འབྱེད།ཐ་ན་ངེད་གཉིས་སྒེར་ལ་སྐད་འཕྲིན་དུ་བཤད་པ་དག་ཀྱང་ཀུན་གྱི་རྣ་ལམ་དུ་གོ་བར་བྱེད་ཞོར་ང་ལ་བཤད་པ་རྒྱག།འགྲོ་སྟངས་དང་ལྷག་ཏུ་སྐད་ཆ་བཤད་དུས་མནའ་སྐྱེལ་མི་ཉན་ཚད་བཤད།དོན་དངོས་སུ་ང་ལ་མཚོན་ན་དེ་ནི་འབྲེལ་མེད་ཅིག ཡང་ན་དགོས་མེད་ཁ་གསབ་ཅིག།སྐལ་མེད་སར་སྐེ་བསྲིངས་པའི་སེམས་ཁམས་ཤིག་ཀྱང་ངང་གིས་སྐྱེས་ཡོང་།

ང་བསྡད་སའི་སློབ་གྲྭ་དེ་ནི་རྭ་རྒྱ་གྲོང་རྡལ་དང་སྤྱི་ལེ་བརྒྱ་ཕྲག་གིས་ཆོད་པའི་འབྲོག་སའི་སློབ་གྲྭ་ཞིག་སྟེ།སྔོན་མ་ལོ་རབས་རྙིང་པའི་ནང་དུ་སྡེ་བ་སོ་སོར་ཡོད་པའི་སྦྲ་གུར་སློབ་ཆུང་ཞིག་ཡིན་ཞིང་།དེའི་རྗེས་སུ་སྡེ་བའི་ནང་དུ་ཁུལ་རིམ་པའི་སློབ་གསོ་སྲིད་འཛིན་པ་མཐོ་གྲས་ཤིག་ཡོད་པའི་དབང་གིས།མ་གཏོར་བར་བཞག་པའི་གྲོང་རྡལ་རིམ་པའི་གཞུང་གཉེར་སློབ་ཆུང་ཞིག་རེད།མིང་ལ་ཇ་སློབ་གྲྭ་དང་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་བཅས་ཀྱི་འབོད་སྟངས་ཡོད།མིང་བཏགས་སློབ་གཙོ་དང་གཞུང་མངགས་སློབ་གཙོ་གཉིས་ཡོད་ཅིང་། དགེ་རྒན་བཅུ་གྲངས་ཤིག།སློབ་མ་བརྒྱ་ཁར་འབུད་མིན་ཞིག། སློབ་ཁྲིད་ཁང་པ་གཤར་མ་གཅིག་དང་།ཕྱིས་སུ་ལས་པའི་ནུས་ཐོན་སློབ་ཁང་གཤར་མ་གཅིག།གྱན་གསུམ་ཅན་གྱི་དགེ་རྒན་གྱི་སྡོད་ཤག་གཅིག། བརྩིས་མ་མྱོང་ཡང་ཧ་ཅང་རིང་བའི་ལྕགས་ཁང་རྒྱུད་མ་གཅིག། ཤེལ་སྒེའུ་ཡི་ཁྱམས་ཡོད་པའི་སློབ་མའི་མལ་ཤག་ཁང་ཤར་གཅིག་བཅས་ཡོད་ལ།དེའི་ནང་དུ་ལན་རེར་མགྲོན་པོ་ཉལ་ས་དང་སྐབས་རེར་དགེ་རྒན་གསར་པ་སྡོད་ས།ཡང་མཚམས་རེར་བྱིས་སྐྱོང་ཁང་གི་སློབ་ཁང་བྱེད་པའི་ཁང་བ་ཞིག་ཀྱང་ཡོད།

ང་དེར་ཐོན་པ་ནས་བཟུང་ལག་ལ་སློབ་རིམ་གསུམ་པའི་འཛིན་གྲྭ་དང་འཛིན་བདག་གི་འགན་ཡང་བཞག་སོང་།ཞོར་ལ་དགེ་རྒན་སྔོན་མར་བསྟོད་པ་དང་འཛིན་གྲྭ་འདིར་རྫོང་རིམ་པ་སོགས་ནས་གཟིགས་བཟོའི་བྱ་དགའ་མང་དུ་རེག་རབས་ཀྱང་བཤད་སོང་།འདི་དག་བཤད་མཁན་སུ་ཡིན་པ་ད་ལྟ་ངའི་དྲན་ཡུལ་དུ་མི་འདུག།ཡིན་ཡང་ནགས་ཀྱི་སྤྲེའུ་ལྟ་བུ་དང་ས་མཐའི་བླུན་པོ་རང་མཐོང་ལྟ་བུའི་རང་ཉིད་ལ་མྱོང་བ་དང་རྒྱུས།གཏན་ཚུགས་ཀྱི་འགྲོ་སྟངས་སོགས་གང་ཡང་མེད་བཞིན་དུ། ཡོད་པ་ལྟར་བྱས་ཏེ་དགེ་རྒན་ཞེས་པ་ནི་སློབ་ཁྲིད་རྐྱང་བ་དང་ཤོག་ཐོག་བྲོ་རྡུང་ཁོ་ནར་འཁྲུལ་ཏེ།སློབ་མར་ཤན་ཤུགས་ལྗན་ལྗིན་བཞག་མྱོང་སྲིད་ལ་སྒེར་གཤིས་འབུར་འཇོམས་དང་འཆར་སྒོ་རྨང་འབྲེག།སློབ་གསོའི་འགྲོ་སྟངས་ལས་བརྒལ་ནས།རང་གི་རྨོངས་བློ་ཁོ་ན་ཚད་མར་བཟུང་སྟེ་སློབ་ཆུང་སློབ་མར་མི་འཚམ་ཞིང་མི་ཞི་བའི་ངན་ཆགས་ཀླད་རྡིབ་ཀྱི་ལས་མང་དུ་བྱས་མྱོང་། སློབ་གྲྭ་དེ་ནི་ཁུལ་དང་གྲོང་རྡལ་ལས་རིང་བའི་སར་ཡོད་པས།དུས་རྒྱུན་སློབ་གསོའི་ལྟ་སྐོར་ཡོང་བའང་ཉུང་ཤོས་དང་མཐའ་མཇུག་ལྟ་བུར་ཆགས་ཡོད།དགེ་རྒན་དག་ལས་ཀྱང་སྲིད་མཐའ་ཙམ་གྱིས་མ་གཏོགས་དངོས་གནས་སློབ་མར་ཤ་ཚ་མཁན་ཉུང་ཞིང་།བསྐོ་བཞག་དགེ་རྒན་ཚོས་རང་དོན་ཁོ་ན་ཞིག་གི་ཆེད་དུ་ཉིན་འདུར་མཚན་འདུར་དང་།གདན་ཞུའི་དགེ་རྒན་ཚོས་དགོངས་གནང་མང་དུ་ཞུ་ཞིང་སློབ་གྲྭར་ཡོད་དུས་བག་ཉལ་གྱིས་དུས་འདའ་བར་བྱེད།ལར་ལོ་ཚོད་ཀྱི་ཆ་ནས་སློབ་གཙོ་དང་དགེ་རྒན་ལ་ཤས་ཕུད།སྤྱི་ཡོངས་ནས་ལོ་ཉི་ཤུའི་སྐས་རྐང་དུ་ཡོད་པ་རྐྱང་བ་རང་རེད་མོད།གཅིག་ནས་བསམ་བློ་མེད། གཉིས་ནས་ལྷག་བསམ་མེད།གསུམ་ནས་དཔེ་ཀློག་དང་འཚོལ་སྙེག་རང་བཞིན་གྱི་ཕུགས་རེ་ཁྱོན་ནས་མེད།བཞི་ནས་དགེ་རྒན་བཅུ་གྲངས་ཤིག་ཡོད་པར་ཡང་ཕྱོགས་ཁག་གཉིས་སུ་ཆད་ཅིང་མཐུན་སྒྲིལ་མེད་པས་ན།དུས་ཡུན་རིང་པོ་ཞིག་ལ་རུལ་སུངས་ཀྱི་གནས་བབ་སྐྱོ་བོ་བསྒྱུར་ཐབས་བྲལ་བར་གྱུར་བ་བྱུང་།མི་མཐུན་པའི་རྐྱེན་དེ་རིགས་ཀྱི་དབང་གིས་སློབ་གཙོ་གསར་པ་དང་དགེ་རྒན་ལ་ཤས་ཀྱི་བར་ལ་སེལ་ཞུགས་ཤིང་།ལ་ཤས་སློབ་གྲྭ་ལས་བསྐྲད་ཅིང་དགེ་རྒན་གྱི་སྒྲིག་གཞི་ལ་བསྐྱར་དུ་སྙོམས་སྒྲིག་ཅིག་བྱ་དགོས་བྱུང་།ངའི་འཛིན་གྲྭའི་རྒྱ་ཡིག་དགེ་རྒན་ནི་མིང་ལ་ཀྲའོ་ཟེར་བའི་གྲོ་ཚང་གི་རྒྱ་མི་ཞིག་ཡིན་ལ།ཁོས་དུས་རྒྱུན་སློབ་ཁྲིད་མི་བྱེད་པར་ལས་བྱ་ལྗིད་ཀྱིས་མི་ཐེགས་པ་རེ་འཇོག་ངེས་ལ།མ་འགྲུབ་ཚེ་སློབ་མར་རྣས་མི་བཟོད་པའི་སྡིགས་མོ་གཏོང་ཞིང་དབྱུག་པས་ཚ་ནན་གྱིས་བྲབ། རྗེས་སུ་ཁོའང་སློབ་གྲྭ་ལས་ཕྱིར་དབྱུང་བྱས་སོང་།མི་མཐུན་པའི་རྐྱེན་དང་གེགས་མང་པོ་ཞིག་གི་འཕྲོ་ནས་དགེ་རྒན་གྱི་དཔུང་སྡེར་ཡང་རིམ་གྱིས་འགྱུར་བ་ཅུང་ཙམ་བྱུང་ཡང་།སློབ་གསོ་ཟེར་ན་འདྲ། དགེ་རྒན་གྱི་འདུ་ཤེས་ཟེར་ཡང་རུང་།གང་ཞིག་ན་སྟོང་ཆ་རེ་ལྷག་ནས་འདུག།ཡིན་ཡང་ངས་མུ་རུ་རང་ཚོད་ཀྱིས་སློབ་མ་ཚོར་སློབ་ཁྲིད་དང་བཅས་པར་འགན་ཁུར་ཞིང་།དེ་དུས་སློབ་གྲྭ་ཆ་ཚང་སློབ་ཆུང་མིན་པས་ལོ་རིམ་བཞི་བའི་རྗེས་སུ་གྲོང་རྡལ་བོད་ཡིག་སློབ་འབྲིང་དུ་བསྐྱལ་དགོས་པས།སློབ་ཐོན་མཛད་སྒོའང་བྱ་ཁྭ་ཏའི་ཚོད་ཀྱི་མདའ་གཞུ་བཞིན།འོས་འཚམ་ཞིག་གྲ་སྒྲིག་བྱས་པ་ཡིན། ལྷག་ཏུ་སློབ་གྲྭ་དེ་གའི་མི་ལོ་ཉེར་དྲུག་རིང་གི་ཐོལ་བརྒལ་གསར་བ་སྟེ་ཐོག་མའི་མཐར་ཕྱིན་སློབ་མའི་ཆེད་དེབ་དཔར་སྐྲུན་བྱས་ཤིང་།མིང་ལ༼ ཆུ་ཕྲན༽ ཞེས་བཏགས་ཡོད། འདིའི་བརྒྱུད་རིམ་དུ་ཁྱིམ་བདག་མ་གཏོགས་གང་གིས་ཀྱང་རོགས་འདེགས་བྱས་མྱོང་མེད།དེ་ཤེད་ལ་སློབ་མ་ཚོ་གྲ་དག་ཅིག་སློབ་མཐར་ཕྱིན་པའི་ཆེད་དུ་གཟའ་མཇུག་ལ་གློག་མེད་ཀྱང་ཞུ་དག་གི་རིམ་པ་གཅིག་པུས་འགྲུབ་པར་བྱས་ལ། ཐ་ན་སློབ་ཐོན་མཛད་སྒོ་ཡང་རང་གིས་རྐང་ལག་ཅིག་མ་འགུལ་ན་སློབ་གྲྭས་སྣང་མེད་དུ་གཡུག་འདུག་པའི་ཚོད་དུ་ལྷུང་།མཚམས་དང་མཚམས་སུ་ཚུལ་དེ་རིགས་ལ་བསམ་ཚེ་ངུ་སྙིང་དཀའ་བར་ཡང་བཏང་མྱོང་།མྱོང་རྒྱུས་ཅི་ཡང་མེད་པ་ཞིག་གི་ངོས་ནས་འཛིན་བདག་གི་འགན་འཁུར་རྒྱུ་དེའང་སླ་བོ་ཞིག་ཁྱོན་ནས་མིན་ཏེ།ཀུན་གྱི་སྣང་ངོར་འཛིན་བདག་བྱ་བ་ནི་མི་རྩིས་ལེན་མཁན་ཞིག་དང་། རས་ཕྱགས་དང་རྩྭ་ཕྱགས་བདག་བྱེད་མཁན་ཞིག།སྒོར་མོར་དོ་དམ་བྱེད་མཁན་ཞིག།དམིགས་བསལ་གྱིས་སློབ་མར་དྲག་རྡུང་བྱེད་མཁན་ཞིག་ཏུ་སེམས་མོད།ངས་བསམས་ན་འཛིན་བདག་བྱ་བ་ནི་སློབ་མའི་ཕྱོགས་མང་གི་བྱང་ཚད་མཐོར་འདེགས་གཏོང་མཁན་དང་། དེ་ལ་སེམས་ཁུར་བྱེད་མཁན་ཞིག་རེད།དེ་འདྲ་ཞིག་མིན་ཡང་སྲིད། སྐབས་དེའི་ངའི་འཛིན་གྲྭའི་མིང་ལ་ཁ་བའི་མིང་སྲིང་ཟེར་ཞིང་།མི་ཉེར་གསུམ་གྱིས་གྲུབ་པའི་འཛིན་གྲྭ་ཞིག་ཡིན། ནམ་རྒྱུན་སློབ་སྦྱོང་གི་ཞོར་ལ་སྦྲགས་སྐད་མི་བཤད་པའི་སྒྲིག་འཛུགས་བྱས་ཤིང་།འཛིན་གྲྭ་སྒེར་གྱི་དཔེ་ཀློག་འགྲན་བསྡུར་སོགས་ལྟོས་འཇོག་གིས་འཚར་ལོངས་རང་བཞིན་གྱི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ཅི་ཐུབ་བྱས་པ་ཡིན།ཡིན་ཡང་དེ་དང་མཉམ་དུ་ངས་དེ་ལུགས་བྱས་པ་ལ་མི་འཐད་པའི་རྣམ་འགྱུར་འཛིན་པའི་གཏམ་རླུང་ཡན་མ་རེའང་ངའི་རྣ་རྩར་འབྱོར་གྱིན་འདུག།གང་ལྟར༢༠༡༨ལོའི་ཟླ༧པར་སློབ་མ་ཚོ་སློབ་ཐོན་བྱུང་ལ་སློབ་མ་རེ་ཟུང་ཡང་རང་ཉིད་འགྲོ་འདོད་སའི་སློབ་གྲྭར་བསྐྱལ་བ་ཡིན།གཉིད་ཐུན་གཅིག་ལྟ་བུའི་བརྒྱུད་རིམ་ཅ་ཟིང་མོ་མང་པོ་བརྒྱུད་འཕྲོར།ང་ལ་གཞི་ནས་ངོས་ཟིན་ཞིག་ཐོབ་སོང་།དེ་ནི་དགེ་རྒན་སྟོང་བ་ཞིག་གིས་སློབ་མ་འགེང་དུ་འཇུག་བསམ་པ་ནི།མ་གཉིད་པར་རྨི་ལམ་གྱི་ཞིང་དུ་ཆས་པ་དང་འདྲ་ཞིང་། ལྷག་བསམ་ལས་ལག་རྟགས་དང་གོ་ཐོབ་སྲོག་སྙིང་བྱེད་པའི་ཁོར་ཡུག་ཅིག་ཏུ་ཨུ་ཚུགས་གཡག་གི་སྐྱེ་བ་བླངས་ཀྱང་།དོན་སྙིང་བླ་ལྷག་མེད་པར་བསམ་པ་དང་བཅས་མུ་རུ་བསྡད་ན་རང་ཉིད་ཀྱང་མི་གླུད་དུ་འགྱུར་དོགས་ཀྱིས།སློབ་གྲྭ་དེ་ལས་ཕྱིར་འབུད་བྱས་པ་ཡིན། བརྩིས་ན་ཧ་ལམ་དེ་རུ་ལོ་གཅིག་དང་ཟླ་ངོ་ཁ་ཤས་མ་གཏོགས་མ་འགོར་ཡང་།ང་ལ་མྱོང་བ་ཟབ་མོ་ཞིག་བྱིན་སོང་།འོན་ཀྱང་སྔར་ཡིན་ན་དགེ་རྒན་གྱི་བྱ་བ་ནི་ལས་སླ་བོ་ཞིག་དང་དེ་འདྲ་ལས་སྙིང་ཡོད་པ་ཞིག་མིན་མོད།རྙོག་དྲ་ཤིན་ཏུ་ཆེ་བའི་ཁོར་ཡུག་ཆུང་ཆུང་དེ་བརྒྱུད་པ་ནས་ང་ལ་སྔོན་མ་དང་མ་འདྲ་བར་ནུས་ན་ཚེ་གང་བོར་དགེ་རྒན་བྱེད་འདོད་ཅིག་འགོག་མེད་སྐྱེས་སོང་།འོན་ཏེ་དེ་ནི་སྨོན་འདུན་ཙམ་རེད།དེའི་ཕྱིས་ཀྱི་ལོ་གཅིག་དང་ཟླ་ངོ་འགའི་རིང་ལ་སླར་ཡང་འཁྱམ་སྐྱོད་ཀྱི་ལམ་དུ་ཞུགས་ནས་སློབ་སྦྱོང་ཉི་ཚེ་བ་རེ་བྱས་ཤིང་།༢༠༢༠ལོའི་ཟླ་འགོ་ནས་ཕྱིར་ཁྱིམ་དུ་ལོག་མོད་སྐབས་སུ་བྱ་བ་གང་ཡང་མི་འདུག། རྗེས་སུ་བསྐྱར་དུ་གངས་རིའི་འདབས་ཀྱི་སློབ་ཆུང་འདིར་རྡོག་ཐོན་གྱིས་ད་ལྟ་ལོ་གཅིག་དང་ཟླ་ངོ་འགའ་འགོར་ཡོད་ལ།དེའི་རིང་ལ་ཡང་དོན་དག་རེ་ཟུང་འདུག་མོད་གནས་སྐབས་མི་གླེང་བར་བྱེད། རེད་ཡ། ཟླ་འགའ་ནས་མི་ཚེའི་ནང་གི་སློབ་ཐོན་འཛིན་གྲྭ་གཉིས་པ་མཐར་ཕྱིན་ལ་ཉེ་ཞིང་།ཁོ་ཚོའང་གང་ཞིག་ནས་འཐུས་ཤོར་ལ་བུད་སོང་སྙམ་པའི་འཚེར་སྣང་ཞིག་དང་མཉམ་དུ་མི་འགྱངས་པར་མཐར་ཕྱིན་འགྱུར་ཡོད།དུས་ཚོད་དང་རྐྱེན་མང་པོ་ཞིག་གི་དབང་གིས་མངོན་གསལ་གྱི་གྲུབ་འབྲས་ཅང་མ་ལོན་མོད།སློབ་གྲྭའི་སྲོལ་ཡིག་བཞིན་སློབ་ཐོན་ཆེད་དེབ༼ གངས་རིའི་སྤྲོ་གླུ ༽ ཞེས་པའི་དེབ་སྤུས་དག་ཅིག་བཟོས་ཤིང་།གཞན་སློབ་གྲྭ་འདི་གའི་མཐར་ཕྱིན་སློབ་མའི་སྒེར་ཐོག་མ་མིང་ལ༼ ནེའུ་ལྡངས༽ ཟེར་བའི་དེབ་ཅིག་ཀྱང་དཔར་སྐྲུན་བྱས་ཡོད།གང་ལྟར་སློབ་གྲྭ་འདིར་ཡང་ཏོག་གསར་རིམས་ནད་ཀྱིས་ཀུན་ནས་གཅུན་ཞིང་དགུན་གྱི་གངས་རླུང་འུར་འུར་གཡུག་པའི་དུས་ཚོད་ཅིག་ལ་ཐོན་པ་ཡིན།

དེ་ལྟར་ཕོ་ལོ་ཉི་ཤུའི་འགོ་ཙམ་ནས་འཁྱམ་སྐྱོད་བྱས་ཤིང་དམིགས་པ་མེད་པར་དགེ་རྒན་བྱས་ཞེས་པའི་ལས་ལ་ཡང་དང་བསྐྱར་དུ་འཐམ་ཞིང་འགྱོད་པ་དང་ཡིད་ཕྱུངས་པའི་དོན་ཡང་མང་པོར་འཕྲད་མྱོང་། “འགྱོད་པ་ལས་ཀྱི་མཐའ་མ་ཡིན་ཟེར།”མདོར་དྲིལ་ན་ངས་དེ་མི་ཤེས།

  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་པའི་རྒྱང་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།