ཞོགས་པའི་ཡུལ་ལྗོངས།

སློབ་མ། བཀྲ་ཤིས་མཚོ།        2022-04-28

དྲོད་ལམ་ལམ་ཀྱི་དབྱར་ཁ་ཐག་རིང་ལ་ཕེབས་སོང་།རྩྭ་དང་མེ་ཏོག་ལྗོན་ཤིང་སོགས་ཀྱང་སེར་ལམ་ལམ་དུ་འགྱུར་སོང་།ད་ལྟ་གྲང་ངར་ཆེ་བའི་དགུན་ཁ་སླེབས་བྱུང་ལ།དེ་རིང་གི་ཞོགས་པའི་མཁའ་དབུགས་དྭངས་ཤིང་གསལ་ལ་གཡའ་དག་པ་ཞིག་རེད།

འབྲོག་པའི་བུ་མོ་རྣམས་ཀྱིས་བཞོ་ཟེའུ་ལག་ཏུ་བཟུང་ནས་འབྲི་མོ་ཚོའི་འགྲམ་དུ་སོང་ནས་འོ་མ་འཇོ་བཞིན་འོ་མའི་ཤག་སྒྲ་དང་མཉམ་དུ་དགོ་དགོ་གཡང་ལྷ་མ་ཟེར་ཞོར་གསལ་ལ་མི་གསལ་བའི་གླུ་སྐད་ཅིག་ལྷས་དཀྱིལ་ནས་མཁའ་དབྱིངས་སུ་མཆེད།མཐའ་ཀླས་པའི་རྩྭ་ཐང་ཐོག་ཏུ་སྦྲ་ནག་ཚང་ཚིང་དུ་ཕུབ་ཡོད་ཅིང་།ཟེའུ་ཡི་ནང་དུ་བཅུད་ལྡན་གྱི་འོ་མ་དཀར་པོ་ཞིག་བླུགས་ནས་སྦྲ་གུར་ནང་དུ་སོང་།ཅུང་ཙམ་འགོར་རྗེས།སྦྲ་གུར་གྱི་སྟེང་ནས་སྨུག་པ་དང་འདྲ་བ་ཞིག་འཐུལ་བྱུང་།དེ་ནི་དཀར་ཆེམ་ཆེམ་གྱི་དུ་བ་དང་འོ་མའི་ངད་ཁ་རེད།དགུན་ཁའི་ཞོགས་པ་འདིར་གྲང་ངར་ཧ་ཅང་ཆེ་བས།འབྲོག་པ་ཚོ་རང་རང་གི་སྦྲ་གུར་ནང་དུ་སོང་ནས།དྲོད་འཇམ་གྱི་མེ་ཁ་གསོས་ནས་ལག་པ་སྲོ་བཞིན་ཡོད།

གཏམ་གླེང་བྱེད། ཞོགས་པའི་མཁའ་དབུགས་འདི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་དོ།།

ང་རང་མཐའ་ཡས་པའི་རྩྭ་ཐང་དུ་ལངས་ནས་ཐག་རིང་གི་ཡུལ་ལྗོངས་ལ་བལྟས་པ་ན།ངའི་སེམས་སུ་ད་ནི་དགུན་དུས་ཀྱི་རྣམ་པ་མངོན་གསལ་དུ་སླེབས་པ་ཤེས་སོ།། འོན་ཀྱང་ང་ཚོའི་རུ་ད་དུང་དགུན་སར་སྤར་མེད།

ཨེ་མ།འདི་ནི་གཞན་དང་མི་འདྲ་བའི་ཞོགས་པའི་ཉིན་ཞིག་ཡིན་ལ། རྩྭ་ཐང་ཐོག་ཏུ་གྲང་ངར་གྱི་བསུ་མ་དང་ཁོར་ཡུག་ལ་འགྱུར་ལྡོག་མང་བས།ང་རང་ཞོགས་པའི་ཉིན་དེ་ལ་ཤིན་ཏུ་དགའ།མི་ལ་ལ་ཞིག་གིས་བཤད་ན།དབྱར་ཁའི་ཞོགས་པ་ནི་དགུན་ཁའི་ཞོགས་པ་ལས་མཛེས་ཟེར་མོད།འོན་ཀྱང་།ང་རང་དགུན་ཁའི་ཞོགས་པར་འཚོ་བར་ཧ་ཅང་དགའ།རྒྱུ་མཚན་ང་རང་ནི་དགུན་ཁའི་ཞོགས་པ་ཞིག་ལ་འཇིག་རྟེན་འདིའི་ཐོག་ཏུ་སླེབས་པ་ཡིན་ལ།འཇིག་རྟེན་གྱི་བྱ་དངོས་དག་ཇི་འདྲ་བྱུང་མིན་མི་ཤེས་ནའང་།ང་ནི་དུས་དེ་ནས་བཟུང་འབྲོག་པ་ཆུང་ཆུང་ཞིག་གི་ཁྱིམ་ཏུ་སྐྱེས།



  • ལེ་ཚན་སྔོན་མ།:རྨ་ཆེན་གངས་རི།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རི་ཆུ།