ཁ་བ་དཀར་པོ།

དུངས་ཞེན།        2022-04-26

ཁྱེད་ནི་སུ་ཞིག་གིས་མི་ཡུལ་ལ་ཕུལ་བའི་དྲི་མེད་ཀྱི་ལྷ་དར་ཡིན། ཁྱེད་ནི་སུ་ཞིག་གི་མིག་ཀོང་ནས་བརྡོལ་བའི་དྲན་གདུང་གི་མིག་ཆུ་ཡིན། ཁྱེད་རང་འདི་ལྟར་གྲག་འགུལ་ཅི་ཡང་མེད་པར་འཇམ་ནེམ་ནེམ་གྱིས་འབབ་དོན་ཅི་ཡིན་ནམ།ཁྱེད་རང་འདི་ལྟར་འཚུབ་སྣང་དང་འཇིགས་སྣང་མེད་པར་བདེ་སྣང་གིས་འབབ་དོན་ཅི་ཡིན་ནམ།

ཁ་བ་དཀར་པོ། ཁྱེད་ཀྱིས་དབྱིག་འཛིན་བུ་མོའི་རབ་ཡངས་ཀྱི་པང་ཁུག་ལ་དུང་མདོག་གི་འཕྱོར་ལྭ་བཀབ་ཅིང་། ཁྱེད་ཀྱིས་ལྕུག་ཕྲན་ལྗོན་པའི་ཡལ་ག་ལ་དངུལ་དཀར་གྱི་མཐའ་རྒྱན་སྤྲས། ཁྱེད་ཀྱི་རྣམ་དག་གི་སེམས་པ་དང་མཚར་སྡུག་གི་ལང་ཚོ་ལ་ཡིད་སེམས་འཁྲེང་བའི་ན་གཞོན་ཁྱུ་ཞིག་ཁྱེད་ཀྱི་པང་ཁུག་ན་དགའ་དུང་གི་ཚོར་བས་བཟི་ཞིང་དུངས་ཞེན་གྱི་མེ་ལྕེ་མཆེད། ཁྱེད་ཀྱི་དཀར་གཙང་གི་ཡོལ་རས་དངོས་སུ་དྲན་གདུང་གི་སྨྱུག་ཁ་གཤར་གཤར་དུ་འགུལ་བཞིན་འབྲི་མི་ཚར་བའི་གཏམ་རྒྱུད་ཡང་ཡང་གྱེར།

ཁྱེད་ལ་དྲག་ཆར་འབབ་པ་ལྟ་བུའི་འཇིགས་སྐྲག་དང་འུར་ཟིང་མེད་ལ། ཁྱེད་ལ་ཤྭ་འོད་བརྡོལ་བ་ལྟ་བུའི་ཀི་སྒྲ་དང་ཆོམ་སྒྲའང་མེད།ཁ་བ་དཀར་པོ། ཁྱེད་ནི་ཅི་འདྲའི་ཞི་ཞིང་འཇམ་ལ་ཁྱེད་ནི་ཅི་འདྲའི་ངང་རྒྱུད་བཟང་། ཁྱེད་ནི་ཅི་འདྲའི་ཡིད་དུ་འོང་ཞིང་ཁྱེད་ནི་ཅི་འདྲའི་མཚར་ཞིང་སྡུག།

བར་སྣང་ཧྲིལ་པོར་ཁྱེད་ཀྱི་དཀར་གཙང་གི་འདབ་དྲུག་ཁ་བས་བག་ཕེབས་དང་ཁུ་སིམ་གྱི་སྣང་བ་སྟེར།ས་གཞི་ཡོངས་རྫོགས་ཁྱེད་ཀྱི་དཀར་བོང་བོང་གི་འདབ་མས་ཡོངས་སུ་བཀླུབས། ཁྱེད་ལ་འདི་ལྟ་བུའི་སྟོབས་ཤུགས་དང་མངའ་ཐང་སུ་ཞིག་གིས་སྟེར་སོང་། ཁྱེད་སླེབས་པ་ནས་བཟུང་། མི་སེམས་ལ་དགའ་བ་བཙལ་ཞིང་སྐྱེ་འགྲོ་ལ་བདེ་སྐྱིད་བསྐྲུན། ཁྱེད་ཕེབས་པ་ནས་བཟུང་།ས་གཞིར་བཀྲག་མདངས་འཚེར་ཞིང་གཟི་འོད་འབར།

ས་ཆེན་གྱི་པང་ཁུག་ནས་ངས་ཁྱེད་རང་སླེབས་པར་རེ་སྒུག་གི་མིག་ཟུང་གཡར་ནས་ཟླ་གསུམ་འགོར། ས་གཞི་རྡུལ་གྱིས་ཟད་ཅིང་ལང་ཚོ་དུས་ཀྱི་བཅོམས་པའི་དུས་དེ་རིང་། ཁྱེད་རང་འདི་ལྟར་དལ་ཅག་གེར་ཕེབས་བྱུང་བས་ང་ལ་སྔར་མེད་ཀྱི་སྟོབས་ཤུགས་གསར་པ་སྣོན། ཁྱེད་ཀྱིས་ང་ལ་ཡིད་ཆེས་དང་སྤོབས་པ་བསྩལ། དེ་བས། ཁྱེད་ཀྱི་རེ་བའི་འདབ་མར་ལྷག་བསམ་དང་སྤོབས་པ་བཏེགས་ནས་མཐོ་སྒང་གི་ཕ་ཁྱིམ་ལ་འབབ་རོགས་ཞུ།

ཁ་བ་དཀར་པོ། ཁྱེད་ནི་ངའི་བརྩེ་དུང་གི་འདབ་ཕྲེང་རྒྱས་སའི་དཔག་བསམ་ལྗོན་པ་དེ་ཡིན་ལ། ཁྱེད་ནི་ངའི་རེ་སྒུག་ཁྲི་སྟོང་ཀློང་ན་འོད་ལམ་ལམ་དུ་འཚེར་བའི་དྲན་ཤིང་ཡིན། ཁྱེད་ཀྱི་གཤིས་ཀ་བལ་ལས་འཇམ་ཞིང་ཁྱེད་ཀྱི་རང་བཞིན་དུང་ལྟར་དཀར། ཁྱེད་ཀྱི་ཐུགས་གཤིས་གངས་ལས་དཀར་ཞིང་ཁྱེད་ཀྱི་དུང་བ་མཚོ་ལས་ཟབ།ཁྱེད་ཀྱི་མཚར་སྡུག་གི་ལང་ཚོ་ལ་བདག་གི་སེམས་པ་ཤོར་སོང་། ཁྱེད་ཀྱི་ཡིད་འོང་གི་འཇོ་སྒེག་ལ་བདག་གི་མིག་ཟུང་གཡར་ཡོད།ཁ་བ་དཀར་པོ། ཁྱེད་རང་མུ་ནས་མུ་རུ་འབབ་དགོས།།



  • ལེ་ཚན་སྔོན་མ།:ང་ལ་རྨི་ལམ་ཞིག་ཡོད།
  • ལེ་ཚན་རྗེས་མ།:རང་ཉིད་བོར་བའི་ལེའུ།