ཁྱོད་ལ་བརྗོད་འདོད་པའི་གཏམ།

སློབ་མ་བཀྲ་ལྷ།        2022-04-13

གལ་ཏེ་ང་རང་འོད་མེད་པའི་མུན་ནག་ཏུ་གནས་གྱུར་ན།ཁྱེད་ནི་འོད་ཆེམ་ཆེམ་གྱི་སྒྲོན་མེ་དེ་ཡིན་ལགས།གལ་ཏེ་ང་རང་འཕུར་བཞིན་པའི་ཐང་དཀར་རྒོད་པོ་ཞིག་ཡིན་ན།ཁྱེད་ནི་མཐིང་མདོག་གི་ཨ་སྔོན་དབྱིངས་དེ་ཡིན་ལགས།

དགེ་རྒན་ལགས།ཁྱེད་ནི་ང་ཡི་རིག་པའི་བློ་སྒོ་འབྱེད་པའི་གསེར་མདོག་གི་ལྡེ་མིག་ཡིན།ཁྱེད་མེད་ན་སློབ་བུ་ངའི་ད་ལྟའི་གཡུར་དུ་ཟ་བའི་སྦྱངས་འབྲས་དག་ཡོད་མི་སྲིད།བདག་གི་དྲིན་ཆེན་ཕ་མ་དང་འདྲ་བའི་དགེ་རྒན་དམ་པ་ལགས།དུས་དེ་རིང་འཛིན་བདག་དུས་ཆེན་སྐབས་དང་པོ་འདི་སླེབས་ལ་ཉེ་དུས་ངས་ཁྱེད་ལ་ཁ་ཞེ་གཉིས་མེད་ཀྱིས་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།དགེ་རྒན་ཁྱེད་ཀྱིས་ང་ཚོའི་ཆེད་དུ་སྒྲུབ་པའི་བྱ་བ་ཙག་ཙིག་ཡོད་ཚད་ལ་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཡང་ཡང་ཞུའོ།།

དགེ་རྒན་ལགས།ང་ནི་ཁྱེད་ཀྱི་ཆེས་བཟང་པོའི་སློབ་མ་ཞིག་མིན་རུང་།ཁྱེད་ནི་ངའི་ཆེས་ཡིད་དུ་འོང་བའི་དགེ་རྒན་དམ་པ་ཡིན་ལགས།མི་ཚེ་ཞེས་པའི་ལམ་ཆེན་འདི་རུ་ང་ཚོས་མི་མང་པོ་ཞིག་དང་ངོ་ཤེས་བཞིན་ཡོད་ལ།དེ་དག་ལས་མི་ལ་ལས་ཁྱོད་ལ་ཕན་པ་བསྐྲུན་སྲིད་ལ།མི་ལ་ལས་ཁྱོད་ལ་གནོད་པ་ཡང་བྱ་ངེས།ཡིན་ནའང་།དགེ་རྒན་ཞེས་པའི་སྐྱེས་ཆེན་དམ་པ་འདིས་སློབ་བུ་ཁྱོད་ལ་དྲིན་ཆེན་ཕ་མ་ལྟར་བཟང་བ་ཁོ་ན་ལས་གནོད་པ་སྐྱེ་མི་སྲིད་པ་ཤ་སྟག་ཡིན།དེའི་ཕྱིར་དགེ་རྒན་ནི་ང་ཚོའི་ཕ་མ་གཉིས་པ་ཡིན་ཞེས་བཤད་ཆོག་ཆོག་ཡིན།འཇིག་རྟེན་འདི་རུ་བཀའ་དྲིན་གཞལ་མཐའ་བྲལ་བའི་དྲིན་ཆེན་ཕ་མས་ང་ཚོ་ལ་ཚེ་སྲོག་སྦྱིན་པ་དང་།གཏོང་ཕོད་ཆེ་བའི་དགེ་རྒན་དམ་པ་དག་གིས་ང་ཚོ་ལ་ཕངས་མེད་དུ་རིག་གནས་ཤེས་བྱ་གང་མང་སྦྱིན།དེ་བས།མི་ཚེ་ཞེས་པའི་ལམ་ཆེན་འདི་རུ་ང་ཚོ་སློབ་བུ་ཚོ་ནི་རི་ལ་འཛེགས་བཞིན་པའི་དབང་དུ་བཏང་ན་དགེ་རྒན་ཁྱེད་ནི་རི་ཡི་རྩ་བ་ནས་རྩེ་མོ་རུ་བསྲིངས་པའི་རྐང་ལམ་ཕྲ་མོ་དེ་ཡིན།

དགེ་རྒན་ལགས།ལོ་ངོ་གསུམ་གྱི་རིང་ལ།ང་ཚོའི་དོན་དུ་གནམ་རྡིབ་སོང་རུང་སྐྱོབ་མཁན་ནི་ཁྱེད་ཡིན་ལ།དགེ་རྒན་ལགས།བཀའ་དྲིན་ཆེ།ང་ཚོ་ནི་ཕ་ཡུལ་འབྲོག་ས་ནས་ཡིན་པའི་འབྲོག་ཕྲུག་དཀྱུས་མ་ཏག་ཏག་ཡིན།སྒ་སྐྱེ་རྒུ་མདོ་ཞེས་འབོད་པའི་མཐོ་སྒང་གི་གྲོང་ཁྱེར་འདི་རུ་ང་ཚོ་ལ་གནས་ཚང་དྲོན་མོ་ཞིག་མེད་རུང་།གཟའ་མཇུག་རེ་རེར་སློབ་བུ་ང་ཚོ་ལ་ཁྱེད་ཡོད་པས་སེམས་པ་ཧ་ཅང་དྲོན་མོ་ཡིན་པ་ལས་ཁེར་རྐྱང་དང་དྲན་གདུང་གི་ཟུག་གཟེར་སྐྱེས་མ་མྱོང་།གནས་འདི་རུ་དགེ་རྒན་ཁྱེད་ཀྱིས་ང་ཚོ་ལ་མིག་གིས་འཚོས་ནས་སེམས་ཀྱིས་གཉོར་བའི་དྲིན་ཆེན་ཕ་མ་ལྟར་ཡིན།དེ་བས།དགེ་རྒན་ཁྱེད་ནི་རྟ་བདུན་དབང་པོ་དང་འདྲ་སྟེ།ང་ཚོའི་སྣང་ལ་མུན་པའི་མག་མོག་གི་འཇིག་རྟེན་དུ་ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ལ་འོད་སྣང་སྟེར་བཞིན་ཡོད།བུ་མོ་ངས་ཡང་ནས་ཡང་དུ་བསམ་བློ་བཞི་གསུམ་བཅུ་གཉིས་་བཏང་ན་སློབ་བུ་ང་དགེ་རྒན་ཁྱེད་དང་ཕྲད་པ་ནི་དངོས་གནས་བསོད་ནམས་ཤིག་ཏུ་བརྩིས་ཡོད།

ལོ་ངོ་གསུམ་གྱི་རིང་ལ།ང་ཚོས་མཉམ་དུ་འབད་པ་བྱས་མྱོང་།ང་ཚོས་མཉམ་དུ་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུར་བ་ལ་རོལ་མྱོང་།འདི་དག་ཡོད་ཚད་ང་ཚོ་ཚང་མའི་དྲན་རྟེན་བྱེད་ཆོག་པའི་འདས་དོན་མཐའ་དག་ཡིན།སང་ལོའི་དབྱར་ཟླ་དྲུག་པའི་སྐབས་སུ་ང་ཚོ་ནི་སོ་སོར་བྲལ་དགོས།སང་ལོའི་སྟོན་ཟླ་དགུ་པར་ང་ཚོ་ནི་སློབ་ཆེན་གྱི་སློབ་མ་ཡིན།སྐབས་དེ་དུས་སུ་ང་ཚོས་ད་ལྟའི་གནས་བབ་འདི་ཡོད་ཚད་དྲན་ནམ།ད་ལྟའི་སློབ་གྲོགས་དག་གིས་དགེ་རྒན་ཁྱེད་རང་བརྗེད་སྲིད་དམ།ཡང་ན་དགེ་རྒན་ཁྱེད་ཀྱིས་སློབ་བུ་ང་ཚོ་བརྗེད་སྲིད་དམ།ཡང་ན་སློབ་གྲོགས་ཚོས་ཕན་ཚུན་བརྗེད་སྲིད་དམ།མ་འོངས་པར་ང་ཚོ་ཅི་ལྟ་བུ་ཞིག་ཏུ་འགྱུར་བར་སུས་ཀྱང་བཤད་དཀའ།ཡིན་ཡང་།དུས་ད་ལྟ་ངས་ཁག་ཐེག་བྱེད་ཐུབ་པ་ནི་དགེ་རྒན་ཁྱེད་ནི་ངའི་མི་ཚེ་འདིར་བརྗེད་མི་སྲིད་པའི་མི་དུ་མའི་ཁྲོད་ཀྱི་གཅིག་ཡིན་ནོ།།

དགེ་རྒན་ལགས།དེ་རིང་ནི་ཁྱེད་ཀྱི་དུས་ཆེན་ཡིན་པས།མི་དགའ་བའི་དོན་དག་ཙག་ཙིག།ཡང་ན་མི་སྤྲོ་བའི་འདས་དོན་ཡོད་ཚད།འབྱུང་འགྱུར་གྱི་ཁུར་པོ་དག་གནས་སྐབས་སུ་བརྗེད་པར་གྱིས་ཤིག།ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཁྱེད་ཀྱི་བཀའ་དྲིན་ཡོད་ཚད་ལ་དྲིན་གཟོ་ཡི་འདུ་ཤེས་ཡིས་ཁེངས་ཡོད།སེམས་དང་སེམས་པ་འདྲེས་པས་སེམས་པ་གཅིག་པུ་ལས་མི་འདུག།དེ་བས་ང་ཚོའི་སེམས་གཏིང་གི་སྨོན་འདུན་འདི་དག་དགེ་རྒན་ཁྱེད་ཀྱིས་ཚོར་བ་ང་ལ་ཡིད་ཆེས་བརྟན་པོ་ཡོད།

དགེ་རྒནལགས།དུས་རྒྱུན་པར་ང་ཚོའི་འཛིན་གྲྭར་སློབ་མ་མང་པོ་ཞིག་གིས་ཁྱེད་ལ་དཀའ་ལས་མང་པོ་གཏད་མྱོང་།དེ་བས།དེ་རིང་གི་དུས་ཆེན་གྱི་གོ་སྐབས་འདི་དང་བསྟུན་ནས་སློབ་བུ་ངས་སེམས་བསམ་པའི་གཏིང་ནས་དགེ་རྒན་ཁྱེད་ལ་དགོངས་དག་ཡང་ཡང་ཞུའོ།།



  • ལེ་ཚན་སྔོན་མ།:ཞལ་འབག་འཕུད་རོགས།
  • ལེ་ཚན་རྗེས་མ།:སེང་ཟེའི་རྒྱ་ནག་མ་ཎིར་ཕྱིན་ཚུལ།