སད་མི། 2022-04-11
ཁྱོད་རང་གིས 2016ལོ་ནས་བཟུང་ཞལ་འབག་ཅིག་གྱོན་ཡོད། དེའི་སྔོན་དུ་ང་རང་ལ་གསང་བ་མེད་པ་དང་། སེམས་ཀྱི་གནས་སྟངས་ནི་ལུས་ཀྱིས་མཚོན་ཐུབ་མཁན་ཞིག་ཡིན། སེམས་པ་ལུས་ཀྱིས་མཚོན་ཐུབ་པ་ནི་ཚུལ་འཆོས་དང་གཡོ་སྒྱུ་མེད་པས་ཡིན། ལོ་དེ་ནས་བཟུང་སྟེ་ཅི་ཞིག་ཤེས་སོང་སྙམ་པའི་ང་རྒྱལ་གྱིས་ཚུལ་འཆང་བསྐྱེད་པ་དང་། ཚུལ་འཆང་གིས་རང་གི་ཞལ་ངོ་གཡོགས་པའི་ཞལ་འབག་ཅིག་བསྐྲུན་པ་རེད།
ཁྱོད་རང་ལ་གཏན་ཚིགས་མེད་པ་དང་རང་གཤིས་ཀྱང་ཡག་རྒྱུ་མི་འདུག ། ང་རང་འགྱུར་བཞིན་ཡོད། ངའི་ལྟ་གྲུབ་དང་ཁ་ཕྱོགས་འགྱུར་བཞིན་ཡོད། རྩ་བ་དང་ཡལ་ག་ནས་འགྱུར་བཞིན་ཡོད། ཁྱོད་རང་ཨ་གསར་ཆེན་པོ་དང་རྒྱུན་འཁྱོངས་མེད་མཁན་དེའི་གྲས་སུ་བགྲང་ཆོག ། རྒྱུན་འཁྱོངས་མེད་པ་ནི་ཨ་གསར་ཆེ་བ་དང་། ཨ་གསར་ཆེ་བ་ནི་གཏན་ཚིགས་མེད་པས་ཡིན།
ཁྱོད་རང་ལ་སྐད་ཆ་ཆོབ་ཚ་པོ་འཆད་རྒྱུ་ཡོད། ཐོག་མར་ཉན་དུས་རླབས་ཆེན་དང་བདེན་ཞེན་གྱི་སྣང་བརྙན་བསྐྲུན་ཐུབ། རྒྱུ་མཚན་ཡོད་པ་དང་། ལོ་རྒྱུས་ཀྱི་ཁུངས་སྣེ་ཡང་འགའ་རེ་ཡོད་པ་འདྲ། ཡིན་ནའང་། ང་རང་གིས་མིག་ལ་ཡིད་ཆེས་བྱས་ཡོད། མིག་གིས་མཐོང་བ་ནི་བདེན་པ་ཡིན་ཤག་ཤག་བྱས་ཡོད། མིག་གིས་ཐམས་ཅད་བསླུ་བྲིད་ཐུབ་ཀྱི་འདུག། མིག་ནི་ང་རྒྱལ་གྱི་གྲོགས་དང་། འདོད་ཆགས་ཀྱི་གྲོགས་དང་། རྣམ་གཡེང་གི་གྲོགས་དང་། མདོར་ན་ཉོན་མོངས་འཕེལ་བའི་གྲོགས་ཀྱི་མཆོག་ཡིན་པ་ཤིན་ཏུ་གསལ།
ཁྱོད་རང་གིས་ཡིད་རྟོན་བྱེད་འོས་པ་ནི་ཁྱོད་རང་ཡིན། ཁྱོད་རང་གི་སེམས་ཡིན། སེམས་ཀྱིས་མཐོང་བ་ནི་ཁྱོད་ཀྱིས་མཐོང་བ་ཡིན་ལ། སེམས་ཀྱིས་རྟོགས་པ་ནི་ཁྱོད་ཀྱིས་རྟོགས་པ་ཡིན། སེམས་ཀྱིས་ཁྱོད་རང་བསླུ་བྲིད་གཏོང་མི་སྲིད་དེ། སེམས་ནི་ཁྱོད་ལ་ཆེས་སྙིང་ཉེ་བ་དེ་ཡིན་ནོ། །
ཁྱོད་རང་མིག་བཙུམས་ནས་ཅུང་ཙམ་བཞུགས་ཤིག། གོ་རྟོགས་སད་རྒྱུར་རེ་བ་ཆེན་པོ་བཅངས་ཡོད།
ཁྱོད་རང་གིས་ཞལ་འབག་དེ་འཕུད་རོགས། ཁྱོད་རང་སྣང་བ་མཐོན་པོ་ཡིན། གཞན་དག་མཐོང་སྣང་དུ་དེ་ཙམ་འཇོག་གི་མི་འདུག། དུས་རྒྱུན་གྱི་སྤྱོད་ལམ་ཡང་ཞལ་འབག་གིས་གཡོགས་འདུག། ཆེ་ལ་ལ་འཁྲབ་ཡོང་གི་འདུག།
ཁྱོད་རང་ངས་ངོ་ཤེས་ཀྱིན་ཡོད། ང་རང་ཁྱོད་ལ་ཆ་རྒྱུས་ཆེན་པོ་ཡོད། ཁྱོད་རང་ཁོག་སྟོང་ཡིན། ཀླད་སྟོང་ཡིན། རྫིག་རྔམ་བསྟན་རྒྱུ་ལ་དགའ་མཁན་ཞིག་ཡིན། མ་ཟད་ཐ་སྙད་དང་ཚིག་རྒྱན་རེ་ཟུང་འབྲི་ཤེས་པའི་ང་རྒྱལ་གྱིས་རང་ཉིད་ཤེས་བྱ་ཀུན་བཏུས་ཀྱི་མཁས་པ་ཞིག་གི་ང་རྒྱལ་ཁུར་ནས་ཡོད།
ཁྱོད་རང་ཆར་པ་དང་ཆར་པའི་ཤག་སྒྲ་ལ་དགའ། ནམ་མཁའ་དང་སྤྲིན་དཀར་ལ་དགའ། ས་གཞི་དང་མེ་ཏོག་ལ་དགའ། རྩྭ་ཐང་དང་གཙང་པོ་ལ་དགའ། རྒྱ་མཚོ་དང་བྲག་རི་ལ་དགའ། ནགས་ཚལ་དང་ཡུལ་ལྗོངས་ལ་དགའ། འདི་དག་ཁྱོད་རང་གི་གཉུག་མའི་གཤིས་ཀ་དེ་ཡིན་ཤས་ཆེ་སྟེ། ཨུ་ཚུགས་ཀྱིས་འཆང་མི་དགོས་པར་ཤུགས་ཀྱིས་འབྱུང་གི་ཡོད་པས་ཡིན།
རྩོམ་གསར། 10