འཁྲུལ་སྣང་།

ནམ་ཤེས།        2022-04-08

དྲུད་ནས་ཡོང་བའི་ཐག་པ་རིང་མོ།།

ཁུར་ནས་ཡོང་བའི་རྨི་ལམ་ལྗང་ཁུ།།

རླུང་དང་གྲིབ་མའི་ཁ་དོག་འདྲ་བ།།

ལོ་ཟླ་ཡིན་པའི་གཏན་ཚིགས་ཡིན་ན།།

མུན་པ་སྟུག་པའི་སྡོང་པོའི་འཁྲིས་ཀྱི།།

ཉི་མ་འདྲ་བའི་འོད་ཟེར་དེ་ལ།།

ལག་པས་རེག་དུས་ཨ་ཅང་བསིལ་བ།།

འཁྲུལ་སྣང་མིན་པའི་གནས་ལུགས་མ་རྙེད།།

སྟོན་ནམ་ཚེས་པའི་བརྡ་གླུ་སིང་སིང་།།

འཇའ་ཚོན་ཁུད་ཀྱི་མེ་ཏོག་ཐར་ཐོར།།

སྐད་ཅིག་ཅིག་གི་ཕྱི་ནང་འདྲ་བ།།

འཇིག་རྟེན་སྲིད་པའི་གཟུགས་བརྙན་ཡིན་ན།།

རྩྭ་ཟིལ་སྒུལ་བའི་རྣང་མའི་ཞིང་གི།།

རླུང་བུ་ལྡང་བའི་དུས་ཚིགས་དེ་ལ།།

སྐྲ་ལོས་བྱིལ་དུས་མིག་ཆུ་བཞུར་བ།།

འཁྲུལ་སྣང་མིན་པའི་གནས་ལུགས་མ་རྙེད།།

གཙང་པོ་རུམ་པའི་སྣང་བ་སུལ་སུལ།།

སྣང་བ་གཡོ་བའི་ཆུ་རྡུལ་མོག་མོག།

སེམས་དང་བསམ་པའི་འཁྱུག་རིས་འདྲ་བ།།

རྟོག་འགྱུ་ཕྲ་མོའི་བསླུ་བྲིད་ཡིན་ན།།

ཕྱང་ཕྲུལ་མོད་པའི་སྒྱུ་མའི་ཀློང་གི།།

གཡུལ་ས་འདྲ་བའི་གཅོང་རོང་དེ་ལ།།

སེམས་པས་སྙེག་དུས་བདེ་བ་འདྲ་བ།།

འཁྲུལ་སྣང་མིན་པའི་གནས་ལུགས་མ་རྙེད།

བཞད་ནས་ཐོར་བའི་ལོ་མ་སྔོན་པོ།།

མེ་ལོང་ནང་གི་མིག་ཆུ་དྭངས་མ།།

གྱེས་གདུང་མཚོན་པའི་གཟུགས་སྒྲ་འདྲ་བ།།

རེ་དོགས་ཤིག་གི་གཏིང་མཐའ་ཡིན་ན།།

ས་སྲོས་སླེབས་པའི་ནམ་མཁའི་དབྱིངས་ཀྱི།།

མཚམས་སྤྲིན་མཛེས་པའི་མེ་ཏོག་དེ་ལ།།

མཆུ་སྒྲོས་གླན་པའི་ཚོར་བ་ཞིམ་པོ།།

འཁྲུལ་སྣང་མིན་པའི་གནས་ལུགས་མ་རྙེད།།

ཕྱིར་ཡོང་མེད་པའི་སྐར་མ་ཆུང་ཆུང་།།

མཚན་མོར་གོམས་པའི་ཟླ་བ་སྒོར་སྒོར།།

དུས་ཚིགས་གང་གི་བྱ་ར་འདྲ་བ།།

ཚེ་སྲོག་མཚོན་པའི་རླུང་བུ་ཡིན་ན།།

སྐྱིད་སྡུག་གསལ་བའི་མཚོ་མོའི་ངོས་ཀྱི།།

ངང་ཁྱུ་འཕུར་བའི་གཤོག་སྒྲ་དེ་ལ།།

རྣ་བ་སྨྲེང་བའི་སྐྱོ་བ་རེ་རེ།།

འཁྲུལ་སྣང་མིན་པའི་གནས་ལུགས་མ་རྙེད།།

  • ལེ་ཚན་སྔོན་མ།:ཚངས་སྲས་ངག་གི་དཔལ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།