སེམས་གཅོང་ནང་གི་ཨ་ཇོ།

ཆོས་བཞིན།        2021-10-26

སེམས་གཅོང་ནང་གི་ཨ་ཇོ།

ལྷ་ལ་སྙིང་རྗེ་ཡོད་ན།།

མི་ལ་འཁྱུག་ཙམ་གཟིགས་རོགས།།

གསོལ་འདེབས་ངག་ལ་དྲངས་ཡོད།།

ཐར་མོ་སྙིང་ལ་ཟུམ་ཡོད།།

 

ངོ་ཚ་མེད་པའི་མི་ལ།།

ཚེ་འདིའི་རྒྱལ་ཁ་ཡོད་ཀྱང་།།

ཁྲེལ་གཞུང་ཅན་གྱི་མི་ལ།།

ཕམ་ཁ་ཡོད་པ་མ་རེད།།

 

མིག་ཆུ་མིག་ལ་འཁྱིལ་སོང་།།

སེམས་པ་ཙག་གིས་བསྡམས་སོང་།།

བདག་པོའི་ངོ་ལ་བལྟས་ན།།

སྙིང་རྗེ་ཡོད་ཚོད་མི་འདུག།

 

གཡུ་ཐོག་ཟམ་པའི་སྟེང་ནས།།

ཞབས་རྗེས་མེད་ནས་འགོར་འདུག།

ཟམ་གདུང་རྩིག་པ་གཉི་གས།།

སྐྱོ་བའི་མིག་ཆུ་ཤོར་སོང་།།

 

རྒྱང་ཐག་རིང་ན་རིང་སོང་།།

སེམས་པའི་ནང་ལ་བབས་ཡོད།།

ཁྱི་དང་སྤྱང་ཀི་གཉི་གས།།

ཉིན་དང་མཚན་ལ་སྲུང་འདུག།

 

སེམས་གཅོང་སེམས་ལ་ཟུག་ཡོང་།།

སེམས་ཀྱི་རྨ་ཁ་གཟེར་ཡོང་།།

མུན་པ་ཕར་ལ་མི་འགྲོ།།

ཉི་མས་ཚུར་ལ་མི་གཟིགས།།

 

ང་ཚོ་ཕལ་བའི་མི་རེད།།

སེམས་པ་ཐོགས་ས་ལོས་ཡོད།།

གཟེབ་ལ་བཙུད་པའི་བྱེའུས།།

མིག་ཟུང་རྒྱང་ལ་ཤོར་འགྲོ།།

 

དབང་ནི་བདག་པོར་གཏད་ཡོད།།

མགོན་སྐྱོབ་ཡོད་རུང་མེད་རུང་།།

ཁ་དང་གོང་བ་གཉིས་ལ།།

སེམས་གཅོང་མེད་པ་གནོང་དང་།།

 

རྩེ་ཐོག་ཉི་འོད་ནང་ལ།།

གཟུགས་བརྙན་མཇལ་རྒྱུ་མ་བྱུང་།།

གྱང་ལྡེབས་རྩིག་པའི་གདོང་ལ།།

སེར་ཁ་གས་པ་མང་འདུག།

 

ཇོ་ཇོ་ཟེར་ནས་བོས་ཡོད།།

ཨ་ལན་ཡོད་མེད་མི་ཤེས།།

སེམས་པ་ནང་ལ་འཁོར་ན།།

བདེན་པའི་རྟགས་མཚན་ལོས་ཡོད།།

 

སྨུག་པ་སེམས་ལ་འཁྲུགས་སོང་།།

ཆར་ཆུ་མིག་ལ་འཁྱིལ་ཡོང་།།

ཉི་མའི་གསེར་ཞལ་སྒོར་མོ།།

ལ་འདིའི་རྒྱབ་ན་ལུས་ཡོད།།

 

ཤོག་བུའི་གདན་ལ་ལྷུང་བའི།།

ཡིག་འབྲུ་རྨས་མ་འདི་དག།

སེམས་ལ་བསྙལ་ནས་འགོར་ཡོད།།

ཞེ་ལ་ཐོགས་ནས་བསྡད་ཡོད།།

༢༠༢༡ལོའི་ཟླ༡༠ཚེས༢༦ཉིན་གྱི་ཕྱི་དྲོར་རྫོགས་པར་བྱས།༼ཉིན་འགའི་སྔོན་ནས་ཚིགས་བཅད་འགའ་བྲིས་ཡོད་པར་མཚན་མོའི་ཆར་རླུང་བཙན་པོའི་རྐྱེན་བྱས་ཏེ་ཁ་གསབ་བཏང་བའོ།།༽

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྒྱ་སེ་དམར་མོ་དྲན་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།