ཡིད་དགའ་བའི་གླུ།

རི་སྤྱང་།        2021-10-15

གླེགས་བམ་གསེང་ནས་རིག་པའི་ལོ་འདབ་རྒྱས། །

གོམ་གསུམ་མ་སྤོས་འཇིག་རྟེན་མིག་གིས་མཐོང་། །

མི་ཚེའི་སྙིང་བོ་སྟོང་ཟད་མ་སོང་བར། །

ཡང་དག་གནས་ལ་འཇུག་པའི་སྐལ་བ་བྱུང་། །

སུ་ཞིག་ཡིན་ཡང་འཁོར་བའི་བཙོན་ར་ནས། །

སྐྱེ་རྒ་ན་འཆིའི་ལམ་འཕྲང་བརྒལ་དགོས་པས། །

ཚེ་ཡི་ཉི་མ་མཐའ་མཇུག་སླེབས་དུས་སུ། །

དོན་མེད་ལས་ལ་འབད་པས་ཡིད་རེ་སྐྱོ།

སོ་སོའི་སེམས་སུ་རྨི་ལམ་རིང་མོ་རེ། །

རྨི་ལམ་དེ་ཡང་ལམ་བུ་སྣ་ཚོགས་སོ། །

རང་གིས་བདམས་པའི་ལམ་དེ་མ་ནོར་ན། །

ལྷ་ཡི་ཁང་བཟང་བགྲོད་པར་ཐག་མི་རིང་། །

སོ་སོའི་སྐྱེ་བོ་འདི་དང་གན་ཞེས་བརྗོད། །

དེ་ལ་འགོག་རྒོལ་བྱས་པ་ངལ་བའི་རྒྱུ། །

ལེགས་དང་ཉེས་པའི་བྱ་བ་གང་བྱེད་ཀྱང་། །

རང་ཉིད་རང་གིས་དཔང་པོ་བྱེད་པ་གཙོ། །

རྙེད་པར་དཀའ་བའི་རྟེན་བཟང་ཐོབ་དུས་འདིར། །

གསེར་ལས་ལྷག་པའི་དུས་ཚོད་བདག་བྱས་ཏེ། །

རང་གཞན་ཕན་པའི་ལས་དེ་འགྲུབ་པའི་ཆེད། །

བརྩོན་པ་ཐང་ལྷོད་མེད་པར་བསྒྲིམ་པར་བྱ། །

སེམས་དང་བསམ་པའི་ཀུན་སློང་དག་པ་ན། །

གཞན་ཟེར་མི་ཁ་བཙན་པོར་སྐྲག་དོན་མེད། །

འདི་བྱས་ལས་ལ་སྙིང་པོ་ཡོད་པ་ན། །

ཐེ་ཚོམ་མེད་པར་མདུན་ནས་མདུན་དུ་སྐྱོད། །


  • ལེ་ཚན་སྔོན་མ།:ང་ཡི་མི་ཚེའི་དཔུང་རོགས་ལགས།
  • ལེ་ཚན་རྗེས་མ།:རྒྱང་ལ་བཏབ་པའི་དབྱངས།