རྒྱང་ལ་བཏབ་པའི་དབྱངས།

གཞི་ཚང་ཟླ་བ་གྲགས་པ།        2021-10-15

འགྲེང་བུ་མི་དག་ཉི་མའི་ཁམས་ན་རྒྱུ།།

འདབ་ཆགས་བྱ་བྱེའུ་ས་འོག་གསང་ལམ་སྙེག།

ཚན་རིག་འཕྲུལ་གྱི་ཀླད་པ་ཡར་ཡར་རྒྱས།།

ཟངས་ལྕགས་ཀྱིས་ཀྱང་སྙན་པའི་ངག་གཏམ་སྨྲ།།

རྒྱང་ཤེལ་བཀོལ་ན་རྒྱང་རིང་སྐྱེ་དངོས་མཐོང་།།

གཡུང་དྭགས་འགའ་ཞིག་བག་ཡངས་གར་ལ་རྩེན།།

ཀྱེ་མ་ལས་ཀྱིས་ཐག་རིང་བཀྱེད་སོང་བའི།།

སེམས་ཀྱི་གང་ཁྱོད་ལྷག་ཏུ་ཡིད་ལ་བཅགས།།

སེམས་ཀྱི་ཟླ་གཞོན་ཉེ་བར་མཐོང་འདོད་ཀྱིས།།

བྱེས་ཀྱི་ནམ་མཁར་ཅེ་རེར་བལྟས་པ་ན།།

རྔམས་སྟུག་སྤྲིན་པའི་རྟེན་འབྱུང་གཏོར་ནུས་པའི།།

ཡང་དག་ཐབས་ཇུས་སྐྱེ་དགུ་སུ་ལའང་སྟོངས།།

ངག་གི་ལྗོན་པ་རྙིད་ནས་ག་ཙམ་འགོར།།

བྱང་ཁོག་སྨུག་ལོང་འཐིབས་ནས་ཅི་ཙམ་ཕྱིན།།

དགུན་ཁའི་གྲང་ལྷགས་མཆེད་པའི་སྲིབ་ཁུག་ཏུ།།

གོས་མེད་གཅེར་བུར་གནས་ལ་སུ་ཡིས་བཟོད།།

རི་གཟར་རྦབ་ཆུ་ཐུར་དུ་རྒྱུག་པ་བཞིན།།

སྔ་མའི་དུས་ཀུན་ཕྱིར་ཡོང་མི་སྲིད་ཨང་།།

སླར་ཡང་འདས་དོན་སྤྱོད་པའི་ཐབས་མཆིས་ན།།

དམར་མོའི་ཞབས་ལག་གྲུམ་ཡང་གནོང་འགྱོད་ཅི།།

སོས་ཀའི་ཉི་མས་གླིང་སྣེའི་ཁ་བ་རླག།

རླུང་བུ་འཁྱམ་པོས་རི་སྒང་དར་ལྕོག་ལྡག།

འདི་ནས་མི་ཐོབ་ཕྱིས་ཀྱང་འགྱོད་དོགས་ཀྱིས།།

ནགས་མ་འདི་ནས་ཞི་ཉམས་དོད་པ་དཀའ།།

འཇིག་རྟེན་སྒང་གཤོང་བདེ་དྲོད་སྐམ་འདུག་པ།།

མཉམ་བཞག་སྒོམ་ཚུགས་བགྱིས་ན་མི་རྙེད་ཀྱང་།།

མི་བཟོད་སྡུག་གིས་ནང་སེམས་གཙེ་བའི་དུས།།

འཁོར་བ་ཁབ་ཀྱི་རྩེ་མོར་གྲུབ་སྙམ་སྐྱེ།།

འཆར་ཁའི་ཉི་མ་སྒུག་པའི་གཞོན་ནུ་མས།།

སྨིན་མ་རྒས་ལ་བདག་ཀྱང་དགའ་བ་མིན།།

མི་བརྟན་ཁྲེལ་མེད་འདུག་ཅེས་མ་གདམ་ཀྱེ།།

མི་འདོད་འདམ་ལ་བྱིང་ན་ཐར་ཐབས་དཀོན།།

མཚོ་ཁར་ངང་ཁྱུ་ཟུང་གཅིག་མཛེས་པ་རུ།།

བགྲོད་པ་མཐོང་ཚེ་ང་རང་སེམས་འགུལ་ཐེབས།།

སྙིང་རླུང་དྲག་པོ་སྟོད་དུ་འཚངས་སམ་ཅི།།

ལུས་ལ་གྲང་ཉམས་རྒྱས་ཏེ་ཤིན་ཏུ་འཁྱག།

ལས་ནི་སྒང་ལ་ཡན་པའི་སྤྱང་ཇག་བཞིན།།

རི་ཞོལ་ལུག་ཁྱུར་ལྷན་ཅིག་མི་གནང་ན།།

ཀྱི་ཧུད་རབ་ཏུ་སྐྱོ་ཡང་མི་ཚོམ་པར།།

ཕྱི་མའི་ཟློས་གར་ལྟ་ལ་དམིགས་པ་གཏད།།


  • ལེ་ཚན་སྔོན་མ།:ཡིད་དགའ་བའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།