མེས་རྒྱལ་དགྱེས་པའི་ཐོལ་གླུ།

ནམ་ཤེས།        2021-10-08

མཁའ་དབྱིངས་སྤྲིན་དཀར་ཚོམ་བུ་འཇའ་ཚོན་

གྱིས་བཀླུབས་པར།།

ཟླ་གཞོན་དྲི་མ་དབེན་པ་སྒོར་སྒོར་དུ་འཆར་ཚེ།།

ཀུ་མུད་འདབ་བརྒྱར་གྲོལ་ཏེ་མཛེས་སྡུག་གིས་བཞད་ཡོང་།།

གཙང་ཆུའི་རླབས་ཀྱི་གཉེར་མ་ཡོམ་ཡོམ་དུ་འབབ་པར།།

ཁྲི་གདུགས་གསེར་གྱི་ཉི་མའི་བྱམས་བརྩེ་དེ་ཕོག་པས།།

ཉ་ཁྱུ་དལ་བར་འཁྱུག་པའི་ངང་ཚུལ་དེ་ཨེ་མ།།

མཚར་སྡུག་རླངས་པ་འཐུལ་བའི་མེ་ཏོག་གི་ཞིང་ན།།

རྐང་དྲུག་སྦྲང་ཆུང་འཕུར་བའི་གཤོག་སྒྲ་ཡི་སྙན་པ།།

རྣ་བའི་བུ་གར་ལྷུང་བའི་སྙན་དབྱངས་ཀྱི་མཐའ་ཐུག།

ཁ་བ་ལྷབ་ལྷུབ་འབབ་པའི་བསིལ་ལྡན་གྱི་ལྗོངས་ན།།

ཞི་བསིལ་ཐུགས་རྗེ་ཡི་གཟི་བྱིན་དལ་གྱིས་འཕྲོ་དུས།།

ལོ་བརྒྱའི་འོད་སྣང་ཐོགས་པའི་མེས་རྒྱལ་དེ་དྲན་བྱུང་།།



  • ལེ་ཚན་སྔོན་མ།:སེམས་ཀྱི་སྨྲེང་བ།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་དན་རྟགས།