སྟོན་གཞུག་གི་སྙན་ངག།

ཁམས་པ་རབ་དབྱངས།        2021-09-17

ང་ནི་ཁྱེད་ཀྱི་ཡིད་སེམས་སུ། །

བརྩེ་བའི་ཞེ་འདང་གོར་གོར་ཡིན། །

སྐྱེ་བ་གཞུག་མའི་དུས་ཚིགས་ལ། །

སྙན་ངག་ཚེ་ཕྱེད་འཆང་མཁན་ཡིན། །

སྟོན་གཞུག་འདི་ཡི་ཕར་ནང་ལ། །

དགུན་གྱི་ཉི་ནུབ་གཏོང་མཁན་ཡིན། །

ཁྱེད་ཀྱི་སེམས་ཀྱི་གུར་ཁང་ལ། །

ལྷང་ངེར་བཞུགས་པའི་མི་དེ་ཡིན། །

བར་ཐག་དེ་ཡི་ཉེ་རིང་ལ། །

དྲན་པ་གཅུ་བའི་ལྕགས་ཀྱུ་ཡིན། །

སྡོང་ལོ་འཐོར་བའི་དུས་ཚོད་དུ། །

ང་ནི་རླུང་བུ་ཡན་པོ་ཡིན། །

ཙག་རླུང་ལྷག་ཏུ་གཡོ་རྗེས་སུ། །

སེམས་ཀྱི་འཁྱག་སྣང་བྱ་བྱིལ་རེད། །

དགུན་ཟླ་ཚེས་པ་བྱུང་རྗེས་སུ། །

ཤིང་ཁང་ནང་གི་མི་རྐྱང་ཡིན། །

ང་ཡིས་ཚེ་རབས་ལས་སྐལ་འདི། །

ཡིད་ཀྱི་ངོགས་སུ་དྲན་ཡོད་དམ། །

མི་སེམས་དྲན་སྣང་རེས་མོ་འདི། །

འཚོ་བ་སྐྱ་ཆད་གདུང་གླུ་ཡིན། །

རྒྱང་རིང་སྟོད་ཀྱི་མཚོ་འགྲམ་ནས། །

ག་འཕུར་མེད་པའི་ངང་ཆུང་ཡིན། །

རང་བྱུང་མཛེས་སྡུག་རྒུད་རྗེས་སུ། །

ནགས་ཚལ་ཡིད་སྣང་འཆོར་གྱིན་ཡོད། །

རི་རྩེར་གངས་གསར་བཀླུབས་རྗེས་སུ། །

སེམས་ཀྱི་གངས་རི་ཁྱེད་ཡིན་སྙམ། །

སེམས་ཀྱི་ཉམས་སྣང་བཅོམ་པའི་དུས། །

སྐྱོ་བའི་ན་བུན་འཁྲིགས་བྱུང་ངམ། །



  • ལེ་ཚན་སྔོན་མ།:ཨ་ཅེ་འབྲོག་མོ་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།