མེ་ཏོག་ལྟ་བུའི་ངག།

ཁངས་མ།        2021-09-10

ཁྱེད་ཞལ་ཟླ་དཀར་འཛུམ་པའི་དུས་བྱུང་ན།།

འདང་ཟབ་དུང་གིས་སྲོག་ཏུ་ལོས་འཛིན་ཨེ།།

སྐྱོ་བའི་རྔུལ་ནག་མེད་པར་དཀྱིལ་འདི་ནས།།

གླིང་བཞི་སེམས་ཀྱིས་སྐོར་འགྲོ་ཟླ་གཞོན་ཀྱེ།།

ལྷད་རྡུལ་མེད་པར་སེམས་ཀྱི་གཙང་ངོགས་སུ།།

འཁྲུངས་པའི་བརྩེ་དཀར་འཛིན་པ་དེ་ལ་ནི།།

ནང་གི་མཛེས་པ་མཐའ་དག་ཕུལ་བྱས་ནས།།

སེམས་ཀྱི་བུ་ཤིང་ཉིད་ཅེས་ཡོངས་སུ་གཅེས།།

དུང་བའི་རླབས་ཕྲེང་སྒུལ་བའི་གཞོན་པ་དེ།།

བདག་ཡིད་པད་མའི་ཚལ་དུ་འཛུམ་གྱུར་ན།།

སྲིད་པའི་གནས་འདི་ནམ་ཡང་མི་སྨོད་པར།།

བསྟོད་པའི་དར་སྣ་ཁྱོད་ལ་འཐེན་པར་བྱེད།།

དགུང་གི་ཟླ་ཞལ་འཛུམ་པའི་བྱེད་རྐྱེན་གྱིས།།

ཁྱོད་ཀྱི་བྱད་གཟུགས་ཡང་དུ་དྲན་པའི་ངོགས།།

འཆར་བའི་རྒྱུད་སྐུད་དལ་གྱིས་འཁྲོལ་བ་ལ།།

འདང་གིས་གཅེས་སམ་སེམས་ཀྱི་ཚི་ལུ་ཉིད།།



  • ལེ་ཚན་སྔོན་མ།:སྡུག་བསྔལ་ཁྲོད་ནས་དབྱངས་ཅན་མ་མཇལ་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།