བཀའ་དྲིན་ཆེ་བའི་མི།

ཞོ་ར་བསམ་འགྲུབ་རྒྱལ།        2021-09-10

འགྲོ་བ་མིའི་རྣམ་ཤེས་བཟོ་སྐྲུན་པ་དགེ་རྒན་དུས་ཆེན་ལ་དམིགས་སུ་བྲིས་པ།

འཇིག་རྟེན་ཁྲོད་དུ། དགེ་རྒན་ཡོད་པ་ནས་བཟུང་། ང་ཚོའི་རྣམ་ཤེས་དང་སེམས་ངོགས་སུ་ཉེ་བར་འཚང་བའི་སྨུག་སྤྲིན་མཐའ་དག། འདི་ལྟར། རླུང་བུས་བསྐྲད་ཅིང་། ཆར་གྱིས་བྱབས་ཁྲུས་ཡང་ཡང་གནང་སྟེ། གནམ་སའི་ཁྱོན་ལ་མི་ནུབ་པའི་རྒྱལ་མཚན་བསྒྲེངས་བྱུང་།

ཚེར་ཕུང་དང་རྡོ་བའི་ལམ་དུ། སེམས་དཔངས་མུ་ནས་མཐོ་རུ་བཏེགས་ཤིང་། ཁེར་རྐྱང་དང་གྱ་གྱུའི་ཀློང་ནས། བརྩོན་པའི་རབ་ཁ་སྙེག་གིན། མདུན་སྐྱོད་ཀྱི་ང་རོ་སྐད་གསང་མཐོན་པོར་སྒྲོག་མཁན། དད་པའི་ཞིང་མཆོག་ཏུ་བཞུགས་པའི། མི་ཡུལ་གྱི་སེམས་དཔའ་ཁྱེད་ལས། སུ་ཞིག་མཆིས་ཨང་། ད་དུང་། བརྩེ་བའི་ལག་ཟུང་སྙིང་ཁར་བསུམས་ཏེ། རེ་བའི་ཉི་གཞོན་དུ་ཁས་འཆེས་པའི། སྐྱེ་འགྲོ་ཁྲི་སྟོང་། དཀར་ཡོལ་སྐྱོར་སྐྱོར་དང་། སྐུད་པ་འཁེལ་འཁེལ་གྱིས། མི་ཚེའི་ཐང་ཆེན་དུ་བསྐུལ་བའི་བདག་ཉིད་མདོར་ན་ཁྱེད་ལས་བགྲང་དུ་མེད་དོ།།

ལོ་ཟླའི་ཆར་རླུང་གིས་ཇི་ལྟར་བཀྲུས་ཀྱང་། རིགས་དང་ཁ་དོག་རྒྱབ་ཏུ་བསྐྱུར་ཏེ། དེ་སྔོན་བདམས་ཟིན་པའི་བགྲོད་ལམ་སྟེང་དུ། ང་རྒྱལ་གྱིས་འགྲེང་ཞོར། རང་ཉིད་ཀྱི་ཚེ་ནོམ་དུ་ཐེ་བའི་ཞེན་ཆགས་མ་ལུས། གངས་ཀྱི་རྩེ་ལ་ཕུལ་ཞིང་། འཛིན་མའི་ལྟེ་བར་བྲན་ཏེ། ཆུ་བོའི་གཞུང་ལ་བཏབ་པའི་ཚེ་གཅིག་གི་བསྔོ་བ་འདི་དག། མདོར་དྲིལ་ན། འདི་ཕྱིའི་འཕྲིན་ལས་འགྲུབ་པའི་འོད་ཀྱི་ས་བོན་དང་། རང་ཉིད་ཀྱི་རིན་ཐང་མངོན་སྟངས་ཡག་ཤོས་དེར་བསམ་ཆོག།

ལྟོས་དང་། བྱམས་པའི་རང་རྒྱུད་མ་བརླན་པའི་ལོ་ཟླའི་རལ་གྲིས། ཁྱེད་ཀྱི་གནག་སྣུམ་གྱི་སྐྲ་ལོར། ཁ་བའི་མདངས་ཀྱིས་ཡོངས་སུ་བཀླུབས་བཞག དཔྲལ་གཞུང་ལ་རྩེག་པའི་གཉེར་རིས་དག་འོད་ཤིག་ཤིག་ཏུ་འཛུམ་བཞིན་པ་མཐོང་ཨེ་བྱུང་། ལོ་ཟླའི་གཙང་པོ་དང་མཉམ་དུ། དྲན་པའི་གཏིང་ལ་བརྐོས་པའི་རྒྱབ་གཟུགས་ཀྱང་། ད་ནི་ཇེ་ཆུང་ནས་ཇེ་འཁོགས་སུ་གྱུར་ཏེ། དེ་སྔོན་གྱི་བྱུང་བ་རེ་རེར་ཕྱིར་དྲན་ཁོ་ནར་གྱུར་བར་ཡིད་རེ་ཕངས།

འོན་ཀྱང་། ཁྱེད་ཀྱིས་བཞག་པའི་འཛུམ་མདངས་དང་བྱས་པའི་རི་མོ་རེ་རེ། ལོ་ཟླའི་དབྱིངས་ལ་གཤེགས་ཏེ་རླུང་གིས་རྒྱང་ལ་འཁུར་རུང་། ཁྱེད་ཀྱི་གསུང་སྙན་དང་བློ་དཀྱེལ་མཚོ་མོའི་རླབས་དང་འགྲོགས་ནས་གང་དུ་བཞུད་ཀྱང་། ང་ཚོའི་ནར་སོན་ཁྲོད་ཀྱི་ལམ་ཚད་རྡོ་རིང་དུ་གྱུར་ཅིང་། གཞར་ཡང་དང་བ་འདྲེན་པའི་མཛེས་སྡུག་གི་དུས་ཚིགས་ཤིག་དང་དམ་དུ་འཁྱུད་ཡོད་པ་འདྲ།

ནག་ཡོར་ཡོར་གྱི་མཚན་ལྗོངས་དེར། ཁྱེད་ཀྱིས་མེ་དཔུང་སྦར་ནས། ང་ཚོའི་ལམ་ཁ་ཕྱེས་མྱོང་། དེ་དུས་ཆར་བ་ཡང་དྲག་ཏུ་འབབ་ཀྱིན་འདུག། འོན་ཀྱང་ཁྱེད་ཀྱིས་ཅི་མི་སྙམ་པར། གཞན་དོན་ཡིན་པར་སྣང་བའི། ལས་ཀྱི་བུ་ལོན་འདིའི་ཆེད་དུ། རང་ལ་དབང་བ་མཐའ་དག། འདི་ལྟར་བློས་གཏོང་བྱེད་ཀྱིན་ཡོད། ཡང་གཅིག་བཤད་ན། འདི་ནི་ཁྱེད་ཁོ་ནར་ཡོད་པའི་སྙིང་སྟོབས་དང་། ཁྱེད་ཁོ་ནས་ཐུབ་པའི་བྱ་གཞག་ཅིག་ཅི་ལ་མིན།

བསམ་བློ་གཏོང་དུས། ཚུགས་ཐུབ་ཀྱི་ལྗོན་པའི་འོག་ཏུ། དཔྱོད་ཤེས་ཀྱི་རྒྱང་མིག་རིང་དུ་བསྲིངས་ཏེ། རང་ཉིད་ཀྱི་ལམ་དུ་སྐྱོད་པའི་མི་ནི་ཧ་ཅང་ཉུང་། ཁྱེད་ནི་དེའི་ཁྲོད་ཀྱི་ཚབ་མཚོན་ཞིག་ཏུ་མི་ཆོག་པ་ཅི་ཡོད། ཁྱེད་ཀྱིས། ངོ་དགའ་སྤྲེལ་ལད་ཀྱི་ཟློས་གར་ཤེད་དུ་བསྐྱུར་ཅིང་། ཁེ་འདོད་ཚུལ་འཆོས་ཀྱི་ཀུན་སློང་གིས། རང་ཉིད་དམ་ལ་ཡེ་ནས་སྦྱོར་མི་སྲིད། མཐར་གཏུགས་ན། ཁྱེད་ལ་རང་ཉིད་ཤིན་ཏུ་སྤྲོ་བའི་འཚོ་གཞིས་ཀྱི་རྒྱལ་ཁམས་ཤིག་དང་། འཁོར་བ་འདིའི། སྙིང་པོ་ཇི་ལྟར་རྡུང་དགོས་པའི་དམིགས་པ་རང་ཆས་སུ་མངའ་བ་གོར་མ་ཆག།

ས་སྨྱུག་རྐང་རེ་རེ། སྒོ་སམ་དང་བརྡར་ནས་ཟད་འགྲོ་བ་བཞིན། ཁྱེད་ཀྱི་མི་ཚེའི་གོང་བུ་ཕྲ་མོ། སྐྱེ་འགྲོ་བྱེ་བའི་ཕྱིར་དུ་སྟོང་གིན་པ་འདིས། དགུན་ཁ་གཞན་ཞིག་ལ་འབྲེལ་གཏུག་བྱེད་པའི་བརྡ་རྟགས་སྦྱིན་ཡོད་མོད། གློ་རྡེག་ཏུ། ལག་པ་བྲང་ལ་འཇོག་དུས། འདི་ཡང་མི་ཚེའི་འགྲུལ་བཞུད་ཁྲོད་སྲལ་ལེན་བྱས་པའི། སྙིང་སིམ་པའི་ལས་ཀ་དང་། གདེང་བསྐྱེད་པའི་ཚོར་སྣང་འབའ་ཞིག་ཏུ་འཁུམས་སོ།

ཁྱེད་ཀྱི་དཀྱེལ་ཡངས་ནི་ཉི་འོད་ལྟར། ཞོགས་པ་ནས་ས་སྲོད་ཀྱི་བར་དུ། སྒེའུ་ཁུང་བརྒྱུད་ནས། ང་ཚོའི་རྨི་ལམ་དུ་འཕུར་ཡོང་། ང་ལ་མཚོན་ན། དེ་ནི་མེ་ཏོག་ལྡུམ་རའི་ནང་འཁྱིལ་བའི་དྲི་བསུང་ལས་ཧ་ཅང་ཞིམ།

༡༠

ཉིད་ཀྱི་ལྷག་བསམ་དང་གཟབ་ནན་གྱི་མིག་མདངས་རྣོན་པོས། རྒྱང་རིང་རྒྱང་རིང་ཞིག་ན། ལུས་སེམས་ཀྱི་དུབ་པ་སྣ་ཚོགས། ལྗིད་ཏིག་གེར་དབོ་ཆོག་པའི། གཏན་གྱི་དྲོལ་ཁོལ་ཞིག་ཡོད་པ་སྙིང་ནས་ཚོར་དུ་བཅུག་མྱོང་། ནམ་རྒྱུན་བློ་ཕམ་དང་ཁེར་རྐྱང་བྱུང་དུས། སྙིང་ལ་ཕུར་བ་རྡེབ་ཀྱིན། འཇིག་རྟེན་འདིར། སྟག་ཤ་ར་དང་སྨན་བུ་མོས་མི་ཐེག་པའི་འགན་འཁྲི་ཞིག་ཡོད་དམ་ཞེས་ལྡོག་འདྲི་བྱེད་དུས། སེམས་ཀྱི་མེ་ལོང་དུ་བལྟས་ཏེ། ངས་ཆེས་ཐོག་མའི་བསམ་འདུན་སྒོམ་བཞིན། རང་ཉིད་ལ་མཁོ་བའི་ལེགས་བཤད་ཡང་ཡང་བཙལ་བ་ཡིན།

༡༡

ཕྱི་རོལ་ཏུ། མེ་ཏོག་ཐོགས་ཏེ། སྙིང་ནས་བཀུར་འོས་པའི། ཁྱེད་ལ་རྟེན་འབྲེལ་ཞུ་མཁན་ཧ་ཅང་མང་། འོན་ཀྱང་། ངས་ནི་དེ་སྔའི་དྲན་པ་སྣ་ཚོགས་ཀྱི་སྒོ་གླེགས་དལ་གྱིས་ཕྱེས་ཏེ། རང་མལ་དུ། ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད།

༡༢

མཇུག་ཏུ། སྲིད་པ་འདིའི་སྐྱེ་འགྲོ་ཀུན་གྱིས། དགེ་རྒན་གྱི་བཀའ་དྲིན་ལ་བརྟེན་ཏེ། ལེགས་ཉེས་ཀྱི་བདེན་ཁ་འོ་ཆུ་བཞིན་ཕྱེས་ཤིང་། མི་ཚེའི་རྟོགས་པ་ཆེས་ཆེར་རྒྱས་ཏེ། རང་ལ་དབང་ཆོག་པའི་བདེ་སྐྱིད་དང་སྙིང་པོར་ཧུར་གྱིས་བརྩོན་ན་སྙམ་བྱུང་།



  • ལེ་ཚན་སྔོན་མ།:སྔ་གཞུག་གི་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།