ལོ་དེའི་དགུན་ཁ།

འོད་གྲུ།        2021-08-09

གྲང་ངར་དང་རླུང་ཁ་ཤིན་ཏུ་རྒོད་པའི་ལོ་དེའི་དགུན་ཁ་ནི་ང་ལ་མཚོན་ན། ཡིད་སྐྱོ་ཞིང་ཕྱིར་དྲན་བྱེད་མི་འདོད་པའི་དུས་ཚིགས་ཤིག་ཡིན། དགུན་གཞུང་དེ་ནི། ངའི་དྭངས་གཙང་གི་འཚོ་བ་ལ་གས་ཆག་ཤོར་བའི་ལོ་རྒྱས་གྱི་སྒྲུང་གཏམ་ཞིག་ཡིན་ཕྱིར། འདི་ནི་གང་གིས་ཀྱང་མཚོན་ཐབས་བྲལ་བའི་དཀའ་སྡུག་གིས་བྲིས་པའི་མིག་ཆུ་ཞིག་ཡིན་ལ་། ངའི་མི་ཚེའི་བྱུང་རིམ་ན་ཆེས་མངོན་པའི་མུན་ནག་གི་འཚོ་བ་ཁེར་རྐྱང་ཞིག། དེ་ནི་ང་རང་འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་བྱམས་བརྩེ་དང་དྲང་བདེན་གྱི་ལམ་ཁ་བརྒྱུད་དེ་བདེ་སྐྱིད་ཀྱིས་འཚོ་བའི་འཇིག་རྟེན་གསར་བ་ཞིག་སྐྲུན་མཁན་དང་ཡང་ན་མི་ཚེའི་མྱུ་གུ་འདི་གསོ་སྐྱོང་བྱེད་མཁན་གྱི་ངའི་དཀའ་སྡུག་གི་ལམ་ཁ་ན་འཚེར་བའི་ཉི་ཟླ་ལྟ་བུའི་ཨ་ཕ་ལགས། ནད་གཞིས་ཤིན་ཏུ་གདུང་སྟེ།དུས་ཚོད་ཀྱི་སྐྱོག་མཚམས་དང་མི་རྟག་པའི་འགྲུལ་བཞུད་ཀྱི་ཀློང་ནས་གཏན་དུ་འཇིག་རྟེན་དང་ཁ་གྱེས་པའི་དགུན་གཞུང་ཞིག། ཉིན་དེར་བློ་ཡུལ་ལས་འདས་པའི་གཏམ་ངན་གློ་བུར་བ་དེའི་ཀློང་ནས་ང་རང་ཇ་ཡུན་ཙམ་ལ་ཅི་བྱ་གཏོལ་མེད་དུ་གྱུར་རྗེས། ངས་མགོ་བོ་བྲག་ལ་བརྒྱབ་ནས་ངུ་ངག་གི་དབྱངས་རྟ་རླུང་ལ་བསྐུར་རུང་ཨ་ཕའི་འཛུམ་ཞལ་མ་མཐོང་ལ་སྡུག་གི་མཆི་མའི་ཐིགས་པ་རྨ་ཀླུང་གཙང་བོའི་འབབ་ཆུ་དང་འདྲེས་ཀྱང་། ཨ་ཕ་ནི་གཏན་དུ་དགུང་ཁའི་ཉི་འོད་བཞིན་ཐག་རིང་ཐག་རིང་ཞིག་ཏུ་བཞུད་སོང་། ཟླ་དྲུག་པའི་ཚེས་ཉེར་གསུམ་ཏག་ཏག་ངའི་དྲན་ངོགས་ན་ནམ་ཡང་བརྗེད་མི་སྲིད་པའི་ཟིན་ཐོ་ནག་པོ་ཞིག། ཉིན་དེར་ངས་མཐོང་ལམ་དུ་མངོན་པའི་འཇིག་རྟེན་ནི་སྤྱིར་བཏང་གི་འཇིག་རྟེན་ཞིག་གཏན་ནས་མ་ཡིན་པར་མྱ་ངན་དང་མིག་ཆུ་མོད་པའི་ཉིན་མོ་ཞིག་རེད། ངའི་གློ་སྙིང་མཆིན་གསུམ་ལ་མཚོན་གྱིས་བསྣུན་པ་ལྟ་བུའི་ན་ཟུག་ཅིག་ལྡང་བྱུང་། ན་ཟུག་དེ་དག་ནི་བརྗོད་དཀའ་ཞིང་བརྗེད་དཀའ་བའི་ཕངས་སེམས་ཀྱི་མིག་ཆུ་ཞིག། ངས་འདི་ལྟར་གནས་ཚུལ་དེར་སླར་ཡང་བསམ་གཞིག་དང་ཕྱིར་དྲན་བྱེད་དུས་ཨ་ཕ་ནི་གཏན་དུ་ནུབ་པ་མེད་པའི་རྟག་བརྟན་གྱི་ཉི་ཟླ་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་འདུ་ཤེས་དེའི་སྒང་ནས་གློ་བུར་གློ་བུར་དུ་མིག་ཆུ་འཛད་མེད་དུ་འཐོར་བ་ནི་རྒྱུན་ཆགས་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་བཞིན་འདུག་པས། ཨ་ཕ་ནི་ཤིན་ཏུ་དྲན་སླ་བའི་མི་བུ་ཞིག་ལོ་ཟླ་དང་དུས་ཚོད་ཉི་མ་དང་ཟླ་བ་ཅི་ཙམ་ཕར་ཕར་འདས་ཀྱང་ཨ་ཕ་ནི་རྟག་ཏུ་དྲན་ཡུལ་ནས་བོར་མི་སྲིད་པའི་འཚོ་བའི་གྲུབ་ཆ་གསལ་བོ་ཞིག།

ཀྱེ་ཕ་ལོ་ལགས། ལས་དབང་གི་དར་རྒུད་བར་ནས་ང་ཚོ་དང་གཏན་དུ་གྱེས་པ་ནས་བཟུང་འུ་ཚང་གི་ཁྱིམ་གཞིས་ནི་ཐལ་རྡུལ་གྱོན་པའི་གྲོང་གསེབ་ཀྱི་སློང་མོ་བ་ཞིག་དང་འདྲ་བར་ཅི་འདྲའི་ཉམ་ཆུང་ཞིང་མདོག་སྡུག་པའི་འཚོ་བ་ཞིག། ཡོད་ཚད་སྟོང་སང་སང་གི་ཁྱིམ་གཞིས་འདིར་དགོད་སྒྲ་མེད་ལ་འཛུམ་མདངས་མེད།

ཨ་ཕ་ལགས། ངས་འདི་ལྟར་ཕངས་སེམས་དང་བཅས་ཏེ་སྙན་ངག་མང་དུ་བྲིས་ཀྱང་ཁྱོད་ཀྱི་རྒྱབ་གཟུགས་ཙམ་ཡང་མི་མཐོང་བར་ཁེར་རྐྱང་དུ་འཚོ་དགོས་པ་ནི་ཅི་འདྲའི་ཉམ་ཐག་པའི་ལས་དབང་ཞིག། ཨ་ཕ་ལགས་ད་ནི་ང་རང་རང་ལོ་ཉེར་ལྔ་རུ་ཐོན་པ་ཡིན། སྤྱིར་བཏང་འུ་ཚོའི་འཇིག་རྟེན་གྱི་གཏམ་དཔེར་མི་ལ་ཡོད་པ་ཚེ་སྟོད་ཅེས་ཡིད་སྨོན་འཆོར་བའི་གྲུབ་ཆ་ཞིག་ཡིན་ཡང་། ང་ལ་མཚོན་ན་ལོ་ཟླ་འདི་དག་ནི་སྨྲེང་སེམས་དང་དྲན་གདུང་བཟོད་མི་ཐུབ་པའི་ན་ཟུག་མང་དུ་ལྕི་བའི་ཚེ་ཕྱེད་ཅིག །

ད་ནི་རེ་ཞིག་སྡུག་གཏམ་དང་མིག་ཆུ་མི་གླེང་ངས་འབྲུ་དྲུག་མ་ཎིའི་དབྱངས་རྟ་དལ་གྱིས་གྱེར་ཏེ་ཁྱོད་རང་ས་ཆེན་པོའི་བྲང་གཞུང་ན་ལས་བསོད་ལྡན་པའི་སྐྱེས་བུ་ཞིག་ཏུ་འཁྲུངས་པར་སྨོན་ལམ་འདེབས།

ད་ནི་རེ་ཞིག་ལས་དབང་གི་གྱོང་རྒུད་མི་གླེང་དགེ་སེམས་གཙང་མ་ཞིག་གི་ཐུན་མཚམས་ལས་ཁྱོད་རང་དོན་གཉིས་འགྲུབ་པའི་དགེ་སྦྱོང་རྣལ་མ་ཞིག་ཏུ་འགྱུར་བར་ཤོག་ཅེས་འཕྲིན་པ་གཏོང་ངེས།



  • ལེ་ཚན་སྔོན་མ།:ཕ་ཡུལ་དང་འབྱུང་འགྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།