སྨྱོན་པ་ཞིག་ལ་སྤྲིངས་བ།

ཐོར་བུ།        2021-08-09

མཚན་མོའི་སྐར་ཚོགས་ལ་བལྟས་རྗེས།

རང་ཉིད་ནི་མཐའ་ཡས་པའི་སྡུག་བསྔལ་ཞིག་རེད།

མཚམས་མཚམས་སུ།

རང་ཉིད་ལ་གཤགས་བཅོས་མང་པོ་ཞིག་བརྒྱབ་རྗེས།

མཚན་མོའི་བྲང་ཁ་རུ་རྨ་ཁ་ཆེན་པོ་ཞིག་བཟོས་འདུག།

རང་ཉིད་གཏུབ་ཏུ་འཇུག་པའི་སྙན་ངག་ཅིག་གིས།

ང་རང་རལ་གྲིའི་སོ་ཁར་བསྐྱལ།

ཁྱོད་ཀྱིས་བཙན་གཏམ་འཆད་ཀྱིན།

བདག་གི་རྐང་བ་ལ་འཇུས།

མཐའ་ཡས་པའི་སྡུག་བསྔལ་གྱི་མཚོ་རུ།

ངའི་སྙན་ངག་གིས་ཀོ་གྲུ་བཏང་སྟེ།

ཁྱོད་ལ་གྱེས་ཕྱག་ཞུ།

ཆུ་ཆེན་པོའི་ངོགས་སུ་བརྩིགས་པའི་མགྲོན་ཁང་ཞིག་ཏུ།

སུ་ཞིག་གི་ཁང་ཁྱིམ་མ་ཡིན་པའི་སེམས་པ་འདིས།

ཁྱོད་ལ་གྱེས་ཕྱག་ཞུ་ཡིན་འདུག།

ཕྱིར་མི་ཡོང་བར་དགའ་ལྷང་ལྷང་བྱེད་སའི་ཁང་བཟང་དུ།

ཕྱིར་མི་ཡོང་བར་ཟླ་འོད་སྐྱ་བོའི་འོག་གི་ཆང་ཁང་དུ།

ཕྱིར་མི་ཡོང་བར་སྙན་དེབ་མང་པོ་བརྩིགས་པའི་དབེན་གནས་སུ།

སུ་ཞིག་གི་ཁང་ཁྱིམ་མ་ཡིན་པའི་སེམས་པ་འདིས།

ཁྱོད་ལ་གཏན་དུ་གྱེས་ཕྱག་ཞུ་ཡིན་འདུག།

རང་ཉིད་ལ་གཤགས་བཅོས་བརྒྱབ་རྗེས།

ངས། རང་ཉིད་ནི་སྡུག་བསྔལ་མཐའ་ཡས་

པ་ཞིག་ཡིན་པའང་བརྗེད་སྲིད།



  • ལེ་ཚན་སྔོན་མ།:སྒྱུ་འཕྲུལ་གྱི་གཞས།
  • ལེ་ཚན་རྗེས་མ།:མགུར་མ་དགུ་མདུད།