ནས་འབྲུ་རྡོག་གཅིག་གི་འགྱུར་ལྡོག

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར་ཞུས་བྱས།        2021-08-09

རང་ཁུལ་ནས་ཀྱི་ཐོན་ལས་འབྲེལ་ཐག་ལ་བཅར་ཞིབ་བྱས་ཚུལ་རགས་བཀོད།

ནས་འབྲུ་རྡོག་གཅིག་གི་འགྱུར་ལྡོག

ཝང་ཅན་ལིས་ལས་སྒྲུབ་མི་སྣ་དང་ཐོན་ལས་འཕེལ་གཏོང་སྐོར་གྲོས་བསྡུར་བྱེད་བཞིན་པའི་ཚུལ།

ས་བབ་མཐོ་རུང་དཔའ་མི་ཞུམ། དྲག་རླུང་བུ་ཡུག་འཚུབ་ཀྱང་འགོག་པར་ནུས་པའི་ཟས་ཀྱི་མཆོག་ཏུ་གྱུར་པ་སྦྲང་དཀར་རྩམ་པས་ཕྱོགས་བཅུའི་མི་སེར་ཀུན་གྱི་མཁོ་འདོད་ཀུན་ནས་བསྐངས་པ་དང་།རྒྱ་བོད་མི་སེར་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་བསྩལ།

ནས་ནི་མཚོ་བོད་མཐོ་སྒང་གི་འདེབས་འཛུགས་གཞི་རྒྱ་ཆེས་ཆེ་བའི་ཞིང་ལས་ཐོན་རྫས་ཤིག་ཡིན་པ་དང་ད་ལྟའི་བར་དུ་ལོ་ངོ3500ལྷག་གི་འདེབས་འཛུགས་ལོ་རྒྱུས་ཡོད། ནས་ལ་སྐྱེ་ཡུན་ཐུང་བ་དང་གྲང་ངར་ཐེག་ཐུབ་པའི་ཁྱད་ཆོས་ལྡན་ལ། ས་བབ་མཐོ་བའི་ས་གནས་རུ་རྩ་བ་ཚུགས་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ལ་འཚོ་བའི་མཐུན་རྐྱེན་རྒྱུན་ཆད་མེད་པར་སྐྲུན་བཞིན་ཡོད།

རང་ཁུལ་ནི་སི་ཁྲོན་གྱི་ནས་ཐོན་ཁུལ་ཆེས་ཆེ་ཤོས་དེ་ཡིན་པ་དང་། ཉེ་བའི་ལོ་འདི་དག་ལ་ཡུལ་སྡེ་དར་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་། ནས་འབྲུ་ཐོན་ལས་ཀྱི་ལག་རྩལ་ཇེ་ལེགས་སུ་གཏོང་ཆེད། རང་ཁུལ་གྱིས་ས་བོན་ལེགས་བཅོས་དང་འདེབས་འཛུགས་ཚད་ལྡན། ཐོན་རྫས་གསར་སྤེལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྔར་ཡོད་ཀྱི་ཐོན་ལས་ལ་ཚན་རིག་གི་རྒྱན་སྤྲས་པས་སྐྱེས་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས།

སོན་བཟང་འདེབས་འཛུགས་བྱས་ནས་ ཞིང་ལས་དར་འཕེལ་བཏང་།

ས་བོན་ནི་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཐོན་སྐྱེད་རྒྱུ་ཆ་ཞིག་ཡིན་པ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་རྩ་བའི་རྒྱུ་རྐྱེན་ཡིན། ལོ་ཏོག་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩ་ནི་སོན་བཟང་འདེབས་གསོ་བྱ་རྒྱུ་ཡིན་པར་མ་ཟད། ནས་ཡི་ཐོན་ལས་འཕེལ་རྒྱས་འགྲོ་བར་ཐོག་མར་ས་བོན་ཐོག་ཏུ་བྱ་བསྒྲུབ་དགོས།

ད་ལོའི་སྤྱི་ཟླ3པར། ཁུལ་ཞིང་ལས་ཞིབ་འཇུག་ཁང་དང་ཞིང་ཆེན་ཞིང་ལས་ཞིབ་འཇུག་གླིང་ཞིང་ལས་སྐྱེ་དངོས་ཁང་གཉིས་ཀྱིས་མཉམ་ལས་བྱས་ནས་ཁམས་ནས་ཨང་རྟགས11པ་དང་། ཁམས་ནས་ཨང་རྟགས12པ། ཁམས་ནས་ཆང་ནས་ཨང་རྟགས་དང་པོ་བཅས་ནས་སོན་གསར་པ་གསུམ་པོར་རྒྱལ་ཁབ་ཀྱི་ཞིང་ལས་ཞིང་སྡེ་པུའུ་ཡིས་གཙོ་བོ་མིན་པའི་ཞིང་ལས་སྐྱེ་དངོས་ས་བོན་རུ་ཐོ་འགོད་བྱས། ཐེངས་གཅིག་ལ་ས་བོན3ཐོ་འགོད(ཞིབ་བཤེར་གཏན་འབེབས)ཐུབ་པ་དང་ནས་ནག་གི་རིགས་དང་ཆང་ནས་ཀྱི་རིགས་ཀྱང་ཐོ་འགོད(ཞིབ་བཤེར་གཏན་འབེབས)ཐུབ་པ་བཅས་རང་ཁུལ་ལ་མཚོན་ན་ཐེངས་དང་པོ་ཡིན།

ཁུལ་ཞིང་ལས་ཞིབ་འཇུག་ཁང་གི་མགོ་གཙོ་ཡང་ཁེ་ཅིན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་མ་དངུལ་གྱི་རྒྱབ་སྐྱོར་འོག་ཏུ། རང་ཁུལ་གྱི་ནས་གསོ་སྐྱོང་འདེབས་འཛུགས་ཀྱི་ཆེད་ལས་པས། ནས་བཀོལ་སྤྱོད་ཀྱི་རྨང་གཞི། ས་བོན་བདམས་སྐྱོང་། འདེབས་གསོ་ལག་རྩལ་སོགས་ཕྱོགས་གང་མང་ནས་ཚན་རིག་ལག་རྩལ་གྱི་འགག་སྒོ་གཏོར་ནས། སྔ་གཞུག་ཏུ་བདམས་སྐྱོང་དང་འདེབས་འཛུགས་བྱས་པའི་ལེགས་བཅོས་ནས་སོན་གསར་པ་རིགས35དང་། ཁམས་ནས་ཨང་རྟགས9བ་དང་། ཁམས་ནས་ཨང་རྟགས10པ། ཁམས་ནས་ཨང་རྟགས11པ། ཁམས་ནས་ཨང་རྟགས12པ་དང་། ཁམས་ནས་ཆང་ནས་ཨང་རྟགས1སོགས་ནས་སོན་ལེགས་པོ་འདེབས་གསོ་བྱས་ཡོད།

ཡང་ཁེ་ཅིན་གྱིས་ང་ཚོས་འདེབས་གསོར་ཚོད་ལྟ་བྱས་པར་བརྒྱུད་ནས། མཐོ་སྒང་གི་ས་ཁུལ་མི་འདྲ་བ་དང་རེ་མཁོ་མི་འདྲ་བར་འཚམ་པའི་ས་བོན་གསར་བ་བདམས་སྐྱོང་བྱས་པ་དང་། འདི་ནི་དུས་རབས་མི་འདྲ་བ་དང་ཞིང་ལས་འཕེལ་རྒྱས་མི་འདྲ་བར་ས་བོན་མི་འདྲ་བའི་དགོས་མཁོ་བསྐོང་བར་འབད་བརྩོན་བྱས་པ་ཡིན་ཟེར།

མཐོ་སྒང་ས་ཁུལ་གྱི་འབྲུ་རིགས་ཉེན་མེད་ཡོང་མིན་ནི་ནས་ལ་རག་ལས་ཡོད། ཡང་ཁེ་ཅིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་རང་ཁུལ་གྱིས་ནས་ཀྱི་ཐོན་ལས་ཐད་ལ་སོན་བཟང་མཁོ་སྤྲོད་དང་སྣ་མང་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཞིར་བཟུང་ཡོད་པ་དང་། དེ་ལས་ནས་སོན་གསོ་བ་ནི་ཐོག་མར་སྔར་ཡོད་ཀྱི་ཞིང་དུད་ས་བོན་ལས་འདེམས་སྒྲུག་བྱས་པ་དང་། དེ་ནས་སྐྱེ་དངོས་ལག་རྩལ་གཙོས་པའི་རང་གསོ་ཐོན་ཚད་མཐོ་བའི་ས་བོན་དང་། རིམ་བཞིན་རང་གསོ་ཐོན་ཚད་མཐོ་བའི་སྤུས་ལེགས་ས་བོན། དེ་ནས་ད་ལྟའི་སྣ་མང་སྤུས་ལེགས་ཐོན་རྫས་ཀྱི་རིམ་པ་འདིར་སླེབས་པ་ཡིན།

དེ་དང་དུས་མཉམ་དུ། རང་ཁུལ་གྱིས་ཐོན་ཚད་མཐོ་བ་དང་སྤུས་ལེགས་ཡིན་པ། ལས་ཆོད་ཆེ་བའི་འཛུགས་གསོ་ལག་རྩལ་ཁག4ལ་སྤྱི་བསྡོམས་བྱས་པ་དང་། རྒྱལ་ཁབ་ཀྱི་སྔར་ཡོད་ནས་སོན་གྱི་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནས་སོན་ལེགས་པོ་རྒྱུད་སྤེལ་རྟེན་གནས། སི་ཁྲོན་ཞིང་ཆེན་ནས་སོན་གསོ་སྤེལ་རྟེན་གནས་བཅས་བཙུགས་པ་དང་། 2020ལོར་ཁུལ་ཞིང་ལས་ཞིབ་འཇུག་རྟེན་གནས་ཀྱིས་གཙོ་སྒྲུབ་ཞིབ་འཇུག་བྱས་པའི《སི་ཁྲོན་བོད་ཁུལ་གྱི་ཐོན་ཚད་མཐོ་བའི་སྤུས་ལེགས་ནས་སོན་གསར་བ་བདམས་སྐྱོང་དང་བེད་སྤྱོད》ཞེས་པར་སི་ཁྲོན་ཞིང་ཆེན་གྱི་ཡར་ཐོན་ཚན་རྩལ་ཨང་གསུམ་པའི་བྱ་དགའ་ཐོབ།

ཡང་ཁེ་ཅིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་50པར།རང་ཁུལ་གྱི་ནས་ཀྱི་མུའུ་རེའི་ཆ་སྙོམས་ཐོན་ཚད་དེ་སྔོན་གྱི་སྤྱི་རྒྱ30—50ནས་སྤྱི་རྒྱ50—60བར་འཕར་བ་དང་། དུས་རབས་སྔོན་མའི་ལོ་རབས90བར་སླེབས་དུས་ནས་ཀྱི་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ150ལ་སླེབས་པ་དང་། 2010ལོར། ནས་ཀྱི་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ200ལ་སླེབས་ཡོད། ཉེ་བའི་ལོ་ལྔའི་རིང་། རང་ཁུལ་གྱི་ནས་ཀྱི་ཐོན་ཚད་མུའུ་རེར་སྤྱི་རྒྱ210ལས་བརྒལ་བས་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་།

ཐོན་ལས་ཀྱི་རྨང་རྡོ་བརྟན་དུ་བཏང་ནས་ གསར་སྤེལ་གཙོ་བོར་འཛིན།

ཞིང་ལས་ཐོན་རྫས་གང་རུང་ཞིག་གི་འཕེལ་རྒྱས་ནི་དེར་ཡོད་ཀྱི་རིན་ཐང་ཆེ་ཤོས་གསར་སྤེལ་བྱེད་པ་དེ་ཡིན་པས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད། ནས་ཀྱི་ངོས་ནས་བརྗོད་ན་ནས་ཕྱེ་དང་རྩམ་པ་འཐག་པ་སོགས་སྲོལ་རྒྱུན་གྱི་ལས་སྣོན་བྱེད་སྟངས་དེས་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་ཐབས་བྲལ། ནང་གནས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་སྔོག་འདོན་བྱ་རྒྱུ་དེ་རང་ཁུལ་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

ཞིང་ལས་ཐོན་ལས་རྒྱུན་མཐུད་གོང་སྤེལ་གཏོང་བའི་ནུས་པ་ཆེ་རུ་གཏོང་ཆེད།2018ལོའི་སྤྱི་ཟླ9པར་དཀར་མཛེས་རྫོང་གིས་ཚོང་འགུགས་མ་འདྲེན་གྱི་ཐོག་ནས་སྤྱི་གཉེར་ཁང་ཞིག་ནང་འདྲེན་བྱས་ཏེ་དཀར་རག་ཡུལ་ཤོག་ཏུ་ནས་ཐོན་ལས་ལྟེ་བར་བྱས་ཡོད་ཅིང་། ནས་རིག་གནས་དང་གེ་སར་རིག་གནས་ཁྱད་ཆོས་སུ་བྱས་ཏེ་ཁྲོན་བོད་ས་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས་དང་།ཐོན་རྫས་ལས་སྣོན།སྤྲོ་གསེང་ལྟ་སྐོར།ཚན་རྩལ་གསོ་སྤེལ།སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ནས་རིག་གནས་གླིང་སྟེ་དཀར་མཛེས་རྫོང་གེ་སར་ཐོན་ལས་གླིང་ཁུལ་བཙུགས་ཡོད།

ཐོན་ལས་གླིང་གི་རྒྱ་ཁྱོན་ལ་མུའུ63.24དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2ལྷག་ལ་ཟིན་ཡོད་པས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.5བཏང་ཡོད། གླིང་ཁུལ་གྱི་ཐོན་སྐྱེད་བརྒྱུད་རིམ་ནི་ནས་ལས་སྣོན་རགས་ཙམ་དང་ལས་སྣོན་ཞིབ་བཟོ་གཉིས་ཡིན་ཏེ་ཐོན་སྐྱེད་བརྒྱུད་རིམ་ནི2019ལོའི་སྤྱི་ཟླ་དགུ་པར་ཚོད་ལྟ་ཐོན་སྐྱེད་ནང་ཞུགས་པ་དང་ན་ནིང་ཟླ་བ་བཅུ་པར་ཐོན་རྫས་དངོས་སུ་ཁྲོམ་རར་བཏོན་ཡོད།

ཐོན་ལས་གླིང་ཁུལ་དུ་འཕྲུལ་ཆས་འཁོར་སྐྱོད་ཀྱི་ལྡིར་སྒྲའི་ཁྲོད་ལས་སྣོན་བྱས་པའི་ནས་ཀྱི་བག་ལེབ་དེ་མནན་བསྲེགས་སོགས་ཀྱི་ལས་རིམ་བརྒྱུད་དེ་ལས་དོན་མི་སྣས་ཐུམ་སྒྲིལ་ནང་བླུགས་ནས་ཧྲང་ཧའེ་དང་པེ་ཅིང་སོགས་ས་ཁུལ་དུ་ཕྱིར་འཚོང་བྱེད་པར་སྐྱེལ་བཞིན་འདུག།

དཀར་མཛེས་རྫོང་གེ་སར་ནས་རིག་གནས་གླིང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ཝང་ཅན་ལིས་གསར་འགོད་པར་ནས་བག་ལེབ་བཟོ་རྒྱུ་ནི་ང་ཚོས་ཁྲོམ་རར་བརྟག་ཞིབ་གཏིང་ཟབ་བྱས་རྗེས་གཏན་འཁེལ་བྱས་པ་ཡིན། ལོ་དེའི་ནང་ནས་བག་ལེབ་ཁྲོམ་རའི་ཐོག་སྐད་གྲགས་ངེས་ཅན་ལྡན་ལ་འཛད་སྤྱོད་པས་ཀྱང་དགའ་པོ་བྱེད་ཀྱི་ཡོད། ནས་བག་ལེབ་ལ་ཁྲོམ་ར་ཡོད་པར་མ་ཟད་ཡག་པོ་ཡིན། དོན་དངོས་ཐོག་ནས་ར་འཕྲོད་ཐུབ་ཀྱི་ཡོད་ཅེས་བཤད།

ད་སྔར་གླིང་ཁུལ་གྱི་ནས་ཐོན་རྫས་ལ་ནས་ཕྱེ་རྗེན་པ་དང་། རྩམ་པ། བྲོ་བ་མི་འདྲ་བའི་ནས་ཀྱི་བག་ལེབ་བཅས་ཡོད་པ་དང་། ནས་ཀྱི་བག་ལེབ་དང་ནས་ཀྱི་སྒོ་ངའི་བག་ལེབ་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད།ཝང་ཅན་ལིས་སྤྱི་གཉེར་ཁང་གི་ཐོན་རྫས་བྲིན་ཚོང་ཁྲོམ་ར་གཙོ་བོའི་ནང་བོད་འབྲེལ་ས་ཁུལ་དང་པེ་ཅིང་། ཧྲང་ཧའེ།ཀོང་ཏུང་།བྱང་ཤར་ས་ཁུལ་བཅས་ཚུད་ཡོད།ད་སྔར་བྲིན་ཚོང་ཡོང་འབབ་སྒོར་ཁྲི1400ཙམ་ལ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

ནས་ལ་བཟའ་བཅའི་ཚི་སྣ་དང་ལུས་ཁམས་ནུས་པའི་གཞི་རྒྱུ་ཕུན་སུམ་ཚོགས་པ་ཡོད་ཅིང་འཛམ་གླིང་གི་འབྲུ་རིགས་ཁྲོད་དུ་མངར་རྩི་འདུས་ཚད་མཐོ་བའི་སྐྱེ་དངོས་ཤིག་ཡིན་པ་དང་། འཚོ་བཅུད་ཀྱི་གྲུབ་ཆ་དེ་གྲོ་ལས་ལྡབ50མཐོ། ནས་ཀྱི་ལས་སྣོན་ཞིབ་ཚགས་བྱ་རྒྱུ་དེ་སྤྱི་དམངས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་པ་ཙམ་མ་ཟད།བདེ་ཐང་བཟའ་བཅའི་ཁྱབ་ཁོངས་སུ་རྩེར་སོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཡང་བྱེད་ཀྱི་ཡོད།

ཝང་ཅན་ལིས་གསར་འགོད་པར་ང་ཚོའི་ནས་བག་ལེབ་ལ་ཁྲོམ་ར་ཆེན་པོ་ཡོད་མོད།འོན་ཀྱང་མང་ཚོགས་ཀྱི་ཐོན་རྫས་ཁོ་ན་ལས་ཁྲོམ་རའི་ཐོག་རྐང་པ་བརྟན་པོ་འཛུགས་ཐུབ་ཀྱི་མེད་པས་བསམ་ཕྱོགས་ལ་འགྱུར་ལྡོག་བཏང་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་ཚད་བརྒལ་ཡོང་བ་བྱ་དགོས། ཞིབ་འཇུག་བྱས་པར་བརྒྱུད།ནས་ཀྱི་ཕུབ་མ་ལ་འབྲུའི་ཚི་སྣ་རྒྱུ་འདུས་ཚད་ཧ་ཅང་མཐོ་པོ་ཡོད་པས་ཟས་ཚབ་ཐོན་རྫས་ཀྱི་གྲུབ་ཆ་གཙོ་བོ་ཡིན།གལ་སྲིད་དེ་གསར་སྤེལ་ཡག་པོ་བྱས་ན་ཟུར་སྣོན་རིན་ཐང་ནས་ཀྱི་བག་ལེབ་སོགས་ཐོན་རྫས་ལས་ཧ་ཅང་ཆེ། རྗེས་མར་སྤྱི་གཉེར་ཁང་གིས་ནས་ཀྱི་ལྷད་མེད་བཟའ་བཅའི་ཐད་འབད་བརྩོན་བྱས་ཏེ་ནས་འབྲུ་རྡོག་རེའི་རིན་ཐང་དེ་བས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད།

རིན་ཐང་རིམ་སྤོར་བྱས་ནས་མང་ཚོགས་ཀྱི་ ཡོང་འབབ་འཕར་སྣོན་བཏང་།

ཚན་རིག་ཞིབ་འཇུག་ལས་ཐོབ་པའི་གྲུབ་འབྲས་ཐོག་ནས་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་བྱེད་མགོ་ཚུགས་ཡོད་པ་དེ་ནི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་རོགས་རམ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན།

སྤྱི་ཟླ7པའི་ཚེས26ཉིན་དཀར་མཛེས་རྫོང་གེ་སར་ནས་རིག་གནས་ཐོན་ལས་གླིང་གི་མཛོད་ཁང་ཕྱི་རོལ་དུ་སྲིབ་ངོ་ཡུལ་ཤོག་ཧོར་ཁོག་ནང་གྲོང་སྡེའི་ཡུལ་མི་ཚེ་དབང་རིང་འཛིན་གྱིས་ལག་ཏུ་ནས་བཙོངས་མ་ཐག་པའི་སྒོར་མོ་ཁྱེར་ཏེ་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཉོ་སྒྲུབ་ཀྱི་རིན་གོང་དེ་ཁྲོམ་ར་ལས་མཐོ་བར་མ་ཟད།ད་དུང་ང་ཚོའི་ཚོང་ལམ་དཀའ་བའི་གནད་དོན་ཡང་ཐག་གཅོད་ཐུབ་སོང་ཞེས་བཤད།

དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་ལས་རྫོང་ཆེན་ཞིག་ཡིན་ལ་རྒྱལ་ཡོངས་ནས་ཚོང་འབྲུའི་རྟེན་གཞིའི་གྲས་ཤིག་ཀྱང་ཡིན།ནས་ཐོན་ཚད་དེ་ཁུལ་ཡོངས་ཀྱི་བདུན་ཆའི་གཅིག་ལ་ཟིན་གྱི་ཡོད།ལས་སྣོན་ཞིབ་ཚགས་བྱེད་པའི་ཁེ་ལས་མེད་པས་ནས་ཀྱི་ཐོན་རྫས་རིན་ཐང་དམའ་བར་བརྟེན་མུའུ་རེར་ནས་ཡོང་འབབ་སྒོར450ཙམ་ལས་རག་གི་མེད་པས་མང་ཚོགས་ཀྱི་འབབ་འཕར་དབུལ་ཐར་ཐུབ་ཀྱི་མེད། ནས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་ཆེད།དཀར་མཛེས་རྫོང་གིས་ཧྲང་ཧའེ་པེ་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་ཧུར་ཐག་བྱས་ནས་ནས་ལས་སྣོན་དང་ལྟ་སྐོར་ཉམས་ལེན་གཞི་གཅིག་ཅན་གྱི་དཀར་མཛེས་རྫོང་གི་གེ་སར་ནས་རིག་གནས་ཐོན་ལས་གླིང་བཙུགས་ཡོད། ཐོན་ལས་གླིང་གིས་ཁྱོན་ཡོངས་གཉེར་སྐྱོང་མགོ་ཚུགས་རྗེས་ལོ་ལྟར་ནས་ཀྱི་མ་བཅོས་རྒྱུ་ཆ་ཏུན7700ཉོ་སྒྲུབ་བྱས་ནས་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་ཡོད།

ཝང་ཅན་ལིས་ངོ་སྤྲོད་བྱས་པར་གཞིགས་ན། ཐོན་ལས་གླིང་སྒོ་ཕྱེ་རྗེས་ཧོར་ཁོག་ནང་གྲོང་སྡེའི་ནས་ཚང་མ་ཐོན་ལས་གླིང་གིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་པ་དང་གྲོང་མི་ཚོས་རང་ཁྱིམ་གྱི་ལོ་མང་རིང་བཞག་པའི་ས་རྒོད་གསར་སྦོལ་བྱས་ནས་ནས་རྨོས་ཡོད།ད་སྔར་ནས་ནག་རྒྱ་མ་གང་ལ་སྒོར2.5དང་ནས་དཀར་རྒྱ་མ་གང་ལ་སྒོར2.2བྱེད་བཞིན་ཡོད་པས་ཁྲོམ་རའི་རིན་གོང་ལས་སྒོར་ཟུར6མཐོ་ཡོད།ད་སྔར་ཐོན་ལས་གླིང་གིས་ནས་ཀྱི་མ་བཅོས་འབྲུ་རིགས་རྒྱ་མ་ཁྲི260ཉོས་པར་ས་གནས་དེ་གའི་མི་སེར་ལ་འབབ་འཕར་སྒོར་ཁྲི600བྱུང་ཡོད་ཅེས་བཤད།

རི་མགོ་ཡུལ་ཤོག་གྲོང་སྡེ་བརྒྱད་པའི་ཡུལ་མི་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་འདི་ལོའི་སྤྱི་ཟླ9པར་ངའི་ཁྱིམ་གྱི་ནས་ཚང་མ་ཐོན་ལས་གླིང་དུ་འཚོང་རྒྱུ་ཡིན་པས་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི2ཙམ་རག་རྒྱུ་རེད། དེ་སྔ་ཁྱིམ་དུ་བཏབ་པའི་ནས་ཀྱི་རིན་གོང་དམའ་བར་མ་ཟད།རྟག་ཏུ་འཚོང་ཐབས་བྲལ་བས་ཁྱིམ་དུ་སྤུངས་ནས་གཞག་དགོས་ཀྱི་ཡོད། དོ་སྣང་མ་བྱས་ན་ཙི་ཙིས་བརྐུས་ནས་ཇེ་ཉུང་དུ་གཏོང་གི་ཡོད། ཐོན་ལས་གླིང་བསྐྲུན་རྗེས་ང་ཚོའི་ཁྱིམ་གྱི་ནས་དུས་ཐོག་ཏུ་བཙོངས་ཐུབ་པར་མ་ཟད་གླིང་ཁུལ་དུ་གླ་པར་འགྲོ་ཆོག། 2018ལོར་ཐོན་ལས་གླིང་བསྐྲུན་མ་ཐག་ངས་འདི་གར་ཐུམ་སྒྲིལ་འཕྲུལ་འཁོར་བཀོལ་སྤྱོད་བྱས་པ་ཡིན། ཟླ་རེར་གླ་ཆ་སྒོར3000ལྷག་ཙམ་རག་བྱུང་།ཡོང་འབབ་སྔོན་མ་ལས་མང་དུ་ཕྱིན་ནས་འཚོ་བ་དེ་བས་བརྟན་ལྷིང་བྱུང་སོང་ཞེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ནས་ལས་སྣོན་ལས་རིགས་ཀྱིས་ད་དུང་ལས་ཞུགས་ལས་གནས་སྟོང་ཙམ་བཏོད་ཡོད། ན་ནིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་དཀར་མཛེས་གྲོང་རྡལ་དང་།དཀར་རག་ཡུལ་ཤོག། ལམ་མདོ་ཡུལ་ཤོག། གསེར་མཁར་ཡུལ་ཤོག་སོགས་ཞིང་འབྲོག་པ800ལྷག་གི་ཁྱོན་ངལ་ནུས་གླ་ཆ་སྒོར་ཁྲི1000རག་ཡོད། ད་སྔར་གླིང་ཁུལ་དེའི་ཐོན་སྐྱེད་ལས་སྣོན་དུས་མཚམས་སུ་སླེབས་ནས་མི་འབོར་དབུལ་པོ24ལས་ཞུགས་ཐུབ་པ་དང་མི་རེར་ཆ་སྙོམས་ཟླ་རེར་གླ་ཆ་སྒོར3000ཟིན་གྱི་ཡོད།

ངལ་ནུས་གླ་ཆ་ལེན་མཁན་གསར་མཁར་ཡུལ་ཤོག་གྲོང་སྡེ་བཞི་པའི་ཡུལ་མི་ཐུབ་བསྟན་བཀྲ་ཤིས་ཀྱིས་སྔོན་ཆད་ཟུར་ལས་སྒྲུབ་ས་མེད། འདི་ལོར་སྒོ་འགྲམ་ནས་ཡོང་འབབ་རག་བྱུང་། སྲིད་གཞུང་གིས་ཁེ་ལས་ནང་འདྲེན་བྱས་པར་ཐུགས་རྗེ་ཆེ།ཁེ་ལས་ཀྱིས་ང་ཚོར་ལས་ཞུགས་ཀྱི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

རང་ངོས་ཀྱི་རིན་ཐང་ཆེ་རུ་བཏང་བ་དང་ཁེ་ལས་ཀྱི་འཕེལ་རྒྱས་བར་སྟོང་རྒྱ་ཆེར་བཏང་བས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་མང་དུ་ཕྱིན་པ་དང་ནས་ཀྱི་ཐོན་ལས་བརྟན་པོའི་ངང་འཕར་ཡོད།ནས་འབྲུ་ཆུང་ཆུང་དེ་ནི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཚན་རྩལ་གྱི་སྐུལ་འདེད་འོག། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་གསེར་གྱི་ས་བོན་ཞིག་ཏུ་གྱུར་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རིམས་འགོག་སྨན་ཁབ་ནི་ང་ཚོའི་ལུས་པོ་བདེ་ཐང་སྲུང་བའི་བདུད་རྩི་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།