སྒྱུ་མའི་ལྟེང་ཀ།

སད་མ།        2021-07-30

སྙན་ཚིག་གཙང་པོ་དལ་མེད་ངང་། །

ངོམས་མེད་འཐུང་བའི་རྟ་ཕོ་ཡིས། །

སྒྱུ་མས་བསླུས་པའི་ཡིད་ཀྱང་ནི། །

ངལ་གསོའི་ཐང་དུ་བརྒལ་སྙམ་བྱེད། །

ཀུན་ཡིད་དགའ་བའི་དབྱངས་ཅན་མ། །

སེམས་འདི་བག་ལ་རོལ་བྱས་ནས། །

ཞི་བའི་དབྱངས་ཀྱི་སོར་མོ་ཡིས། །

སྙན་པའི་ངང་ནས་མགྲིན་ལ་དྲངས། །

རྣམ་རྟོག་འཇའ་ཡི་མེ་ཏོག་ཚོགས། །

ཚོར་བའི་ཉི་མས་དྲོས་པ་ལས། །

དྲི་བཞོན་བུ་མོའི་སེམས་པ་ཡང་། །

ཞོགས་ཀྱི་ཁ་ཆུས་བརླན་པར་བྱེད། །

གངས་སྤྱང་བྲོས་པའི་རི་བོ་རུ། །

འབྲོང་གི་རྨིག་རྗེས་མཉམ་དུ་ལྷུང་། །

ཉི་ཟླ་འཐབ་པའི་རྭ་བར་ནས། །

ས་ཆེན་ཤུགས་ཀྱིས་འདར་བ་འདྲ། །

གཙང་པོར་གནས་པའི་ངང་པ་འགས། །

ཁོར་ཡུག་དྲི་ཟའི་ཚལ་དུ་སྒྲུབ། །

རྔ་གསང་འཛིན་པའི་མགྲིན་སྔོན་གྱིས། །

དགའ་བའི་ཟློས་སུ་སྒྱུར་དང་མཚུངས། །

ཉི་ནུབ་འཁྱུད་པའི་མཚམས་སྤྲིན་ནི། །

སྲོད་ཀྱི་མེ་ཏོག་མཐོང་ཡང་སྐྱོ། །

སྐྱ་རེངས་འཛུམ་པའི་བུ་མོ་དང་། །

སླར་ཡང་འགྲོགས་ཏེ་སྙིང་ན་སིམ། །

དགུན་གྱི་རི་ལུང་ཉི་མ་དང་། །

བྲལ་བའི་པདྨ་འདར་བར་བཞིན། །

ཁ་ལག་ཕྱིད་པའི་བྱིས་པ་འགའ། །

རྣམ་གཡེང་ངང་ནས་དྲོད་ཀྱིས་ཁེངས། །

ཡུན་འདྲིས་བྱམས་པའི་འདང་བརྩེ་ཡིས། །

བྱེ་ཐང་ཉ་མོ་བཞིན་དུ་བསྲེགས། །

པི་ཝང་འཛིན་པའི་གར་སྟེགས་ནས། །

སྙན་ཚིག་དབྱངས་ལ་རབ་ཏུ་ཞུགས། །

ཨ་ཐང་ཆད་པའི་ནུབ་མོ་རུ། །

མཚན་མོའི་མཁའ་རུ་ཅེར་བྱས་ཏེ། །

སྐར་མ་ལྷུང་བའི་དོགས་པ་ཡིས། །

འཇིག་རྟེན་སྙན་པའི་ཀློང་ནས་འཚོལ། །

བས་མཐའ་ཚལ་ན་རི་དྭགས་བཞིན། །

བག་ཡངས་ཉིད་དུ་རྩེན་འོས་པའི། །

རང་བྱུང་ངག་གི་རྩྭ་ཆུ་ཡིས། །

ངལ་བའི་རྒྱུ་རྣམས་རིམ་གྱིས་འགོག །

ཆུ་ཟླའི་འོད་ཀྱི་འཛུམ་རླབས་ཀྱིས། །

རིང་དུ་གནས་པའི་པདྨའི་འདབ། །

ཅུང་ཟད་སྒུལ་བའི་ཉམས་འདི་ཡིས། །

སྦྲང་མའི་རྣམ་ཤེས་ཡིད་འོང་བྱས། །

བདུད་རྩི་ཟགས་པའི་ཟླ་ཐལ་གྱིས། །

སྣ་ཚོགས་ཆུ་ཡི་རླབས་རིས་སུ། །

གཟུགས་བརྙན་འཕོས་པའི་མེ་ལོང་ནི། །

འཁོར་འདས་རི་མོ་འཁྱུག་ཙམ་ཡིན། །


  • ལེ་ཚན་སྔོན་མ།:ལྷ་སའི་གཞས་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།