ཚིག་ལ་མདུད་པ་རྒྱག་པའི་བརྩེ་སེམས།

རྣམ་ཤེས་ཕྲ་མོ།        2021-07-21

ས་སྲོད་དྲན་གདུང་འདི་ཡང་བུད་ཤིང་ཞིག་ཡིན་ན།།

མེ་ལ་བསྲེགས་ཏེ་ཐལ་བ་གཙང་བོ་ལ་བསྐུར་ཆོག།

གལ་ཏེ་བརྩེ་བ་འདི་ཡང་འདང་ཆེན་ཞིག་མིན་ན།།

མཁོ་མེད་ཅ་ལག་འདྲ་བ་གཞན་ལག་ཏུ་བཙོང་ཆོག།

མཚན་ཞག་བརྒྱ་ཕྲག་སོང་ཡང་བརྗེད་རྒྱུ་རང་མེད་པའི།།

གཟུགས་མེད་བརྩེ་དུངས་འདི་ནི་རལ་གྲི་དང་འདྲ་བྱུང་།།

ཇི་ཙམ་ཕར་ལ་བཅར་ན་ནང་སེམས་ཀྱི་གཏིང་དུ།།

ཤུལ་མེད་ན་ཟུག་སྟོང་གི་རྨ་ཁ་དེ་བཟོས་སོང་།།

ཁྱོད་ཀྱི་ངོ་བོ་བསམ་དུས་སྙིང་རྗེ་ཡིས་ཕྱུག་ཡོད།།

མི་སེམས་སྟོང་ཕྲག་སྟེང་དུ་ཁང་ཆུང་རེ་བཞེངས་ཡོད།།

ཁྱོད་ནི་གྲིབ་གཟུགས་མེད་པའི་འགྲོན་པོ་དེ་ཡིན་བཞག།

ཁྱོད་ཀྱི་མིང་ཡིག་ཟློས་ན་བརྩེ་དུངས་དེ་ཟེར་སྐད།།

ཁྱོད་རང་ཡུལ་འདིར་འདུག་པའི་འཇའ་ཚོན་དང་འདྲ་བྱུང་།།

ཉིན་མཚན་དབྱེར་མེད་བལྟས་ཀྱང་འཛུམ་མདངས་དེ་གསལ་ལེ།།

འཛིན་འདོད་སེམས་ཀྱིས་སྐུལ་བས་ལག་ཟུང་དེ་བརྐྱངས་ཀྱང་།།

ཕར་ལ་མགྱོགས་མྱུར་བརྒྱུགས་པའི་གཙང་པོ་དང་ཅི་ཁྱད།།

བདག་ནི་ན་ཟུག་སྟོང་གིས་མཚོ་ཁ་ལ་བརྒྱུགས་ཏེ།།

དབྱར་གསུམ་ཆར་བ་བཞིན་དུ་མིག་ཆུ་དེ་འབྱིན་མྱོང་།།

མཚོ་མོ་དར་གྱིས་བཟུང་ནས་ཤེལ་ཁང་དུ་གྱུར་དུས།།

ཁྱོད་རང་ཨེ་མཐོང་བསམས་ནས་ཐེངས་མང་ཞིག་བལྟས་བཞག།

མི་ཚེའི་སྐྱོ་གར་འཁྲབ་པའི་མྱ་ངན་གྱི་ཐང་འདིར།།

བདག་ནི་འགུལ་རྒྱུ་མེད་པའི་སྡོང་བོ་དང་འདྲ་བྱུང་།།

སྙན་དབྱངས་ངག་ལས་འདྲེན་པའི་ཁུ་བྱུག་དེ་འབབ་དུས།།

ལག་པས་འཛིན་རྒྱུ་མ་བྱུང་རྣམ་གཡེང་ངང་ཤོར་བཞག།

ས་སྲོད་ཉེ་བར་བཅར་དུས་རླུང་འཚུབ་དེ་ལྡང་བྱུང་།།

ཐལ་རྡུལ་སྐྱ་བོ་དེ་ཡང་ངེས་མེད་དུ་འཛོམས་བྱུང་།།

སྐར་ཚོགས་ཁྲི་མ་འབུམ་གྱིས་མིག་ཆུ་དེ་ཤོར་དུས།།

བསམ་བཞིན་འཇིག་རྟེན་དེ་ཡང་དགྲ་ཡ་རུ་ལངས་བྱུང་།།

ཁྱོད་ནི་བདག་སེམས་སྟེང་གི་ལྷ་མོ་དེ་ཡིན་ཡང་།།

ལྷ་མོའི་རང་གཤིས་མེད་པ་ཅི་ཞིག་གིས་ལན་ནམ།།

བསྟོད་ཚིག་རེ་ལ་ལྷ་མོས་འཛུམ་ཞལ་རེ་གནང་མོད།།

འོན་ཀྱང་ཁྱོད་ཀྱི་གདོང་དེ་མཇལ་རྒྱུ་ཞིག་མ་བྱུང་།།

ཚིག་ལ་མདུད་པ་རྒྱག་པའི་བརྩེ་དུངས་ཀྱི་བང་མཛོད།།

ན་ཟུག་བརྒྱ་ཕྲག་སྟོང་གི་དགའ་སྐྱོ་དེ་བཤམས་ཡོད།།

འདི་སྣང་འཐོབ་བྱ་མེད་པའི་ལས་དབང་གི་བཙོན་ཁང་།།

ནམ་ཞིག་འདི་ལས་འབྲལ་བའི་སྐལ་བཟང་དེ་ལྡན་སྲིད།།

  • ལེ་ཚན་སྔོན་མ།:གནམ་གང་གི་ཟླ་བ།
  • ལེ་ཚན་རྗེས་མ།:ཆར་རླུང་ཁྲོད་ཀྱི་བརྩེ་དུངས།