དངོས་གྲུབ་རྡོ་རྗེ། 2021-07-16
མུན་པའི་ཁོག་ཏུ་འདར་བའི་དགུན་གཞུང་ཞིག་ལ།།
བཀྲེས་ལྟོགས་མནར་གཅོད་མྱོང་བའི་མི་བུ་ཞིག་གིས།།
སེམས་ཀྱི་མུན་དོང་ཁོག་པའི་སྦུག་ཏུ་བཅུག་སྟེ།།
རང་དབང་རེ་ལྟོས་ཕྱོགས་ལ་མིག་རྒྱང་བསྲིང་བྱུང་།།
གདུག་རྩུབ་ཀླ་ཀློའི་དཔུང་གིས་མཐའ་དབུས་དཀྲིགས་པས།།
ཉམས་ཆུང་ལུས་སེམས་སྡུག་གི་འདམ་དུ་མཇིལ་བས།།
ཡུན་ཐུང་མི་ཚེ་གཅིག་ལ་སྡུག་བསྔལ་ཁོ་ནས།།
ལུས་སེམས་ལྷོད་ལ་བབས་པའི་ཁོམ་ལོང་མི་འདུག
བཀྲེས་ལྟོགས་ལྟོ་གོས་སྐྱ་བོས་ལུས་པོ་མནར་ཅིང་།།
གཞན་དབང་གདུག་རྩུབ་དཔུང་གིས་སེམས་པ་མནན་ཏེ།།
མི་ལུས་སྐྱ་མོའི་འོད་སྣང་རྨེག་མེད་བཏང་བས།།
མི་ཡི་ལུས་ལ་དུད་འགྲོའི་སྣང་ཚུལ་སྐྱེས་སོང་།།
སྨུན་སྤྲིན་ནག་པོས་མཐའ་དབུས་རི་ཀླུང་བཀག་ཅིང་།།
རྨོངས་ཞེན་མུན་པས་སེམས་ཀྱི་འོད་སྣང་བསྒྲིབས་པས།།
ཡུན་ཐུང་མི་ཚེའི་ཐིག་སྐུད་མ་ཆད་བར་དུ།།
སྡུག་བསྔལ་མྱ་ངམ་ཐང་ན་ཨ་ཐང་ཆད་འདུག།
གདུག་རྩུབ་ཀླ་ཀློའི་དཔུང་གིས་ལང་ཚོ་བརླགས་ཤིང་།།
རྨོངས་མུན་ཞགས་པ་ནག་པོས་རང་སེམས་གཅུན་ཀྱང་།།
རང་ལུས་རང་ལ་དབང་བའི་རྨི་ལམ་ཕྲང་མོ།།
རང་སྟོང་དམར་པོའི་གཏིང་ནས་དྲོད་འཁོལ་མ་ཡལ།།
རེ་ལྟོས་སྐྱ་རེངས་དང་པོ་ཤར་ནས་འཕྲོས་ཤིང་།།
ཏང་སྲིད་ཉིན་བྱེད་སྣང་བ་མཁའ་ན་འཕགས་དུས།།
རང་དབང་སེམས་ལ་བདེ་སྐྱིད་དྲོད་འཁོལ་རྒྱས་ཏེ།།
མི་ལུས་རིན་ཆེན་ཟེར་བའི་སྙིང་པོ་རྙེད་སོང་།།
རང་ལུས་རང་དབང་ཅན་ལ་ཐོག་མར་རོལ་ཅིང་།།
རང་སེམས་རྣལ་དུ་ཕབ་ནས་བདེ་སྐྱིལ་འཚོལ་ཞོར།།
རང་ལ་དབང་བའི་ཁྱིམ་གཞིས་དྲོན་མོ་དག་ཏུ།།
རང་རང་སོ་སོའི་སྐྱིད་ལ་རོལ་ནས་འདུག་གོ།
ཁྲལ་དང་འུ་ལག་མེད་པའི་དུས་རབས་གསར་པར།།
རང་རང་དགའ་བའི་ལས་ལ་དལ་མེད་རོལ་ཞོར།།
སྐྱིད་གླུ་སིང་སིང་ལེན་བཞིན་བདེ་བས་འཚོ་དུས།།
འཆི་མེད་ཡུལ་གྱི་ལྷའང་ཁེངས་པ་བསྙིལ་སོང་།།
སྡོད་ཁང་གསར་པ་ཞལ་ཡས་ཁང་བཟང་ནང་དུ།།
དཀར་གསུམ་མངར་གསུམ་ཟས་མཆོག་སྟོན་མོ་བཤམས་ནས།།
དགའ་ཉེ་སྤུན་མཆེད་རྣམས་དང་ལྷན་གཅིག་འཛོམས་པ།།
སྔོན་ཆད་རྨི་ལམ་ནང་དུའང་ཤར་ནི་མ་མྱོང་།།
དམངས་གཙོའི་ལུགས་བཟང་སྲིད་ཀྱི་པད་ཚལ་རྒྱས་པས།།
མི་དམངས་བུང་བའི་བློ་སེམས་འོད་ཀྱིས་ཁེངས་སོང་།།
རེ་ལྟོས་མིག་ཟུང་རྒྱག་མོ་ཡངས་པར་ཕྱེ་སྟེ།།
མ་འོངས་ཕུགའ་ཀྱི་འོད་སྣང་ལེན་པར་སྤྲོའོ།།
སྲིད་ཇུས་གསར་པའི་དགེ་མཚན་ཉི་མའི་འོད་སྣང་།།
མཐོ་སྒང་གྲང་འཁྱགས་བརྩེགས་པའི་ཟོམ་དུ་འཕྲོས་པས།།
ཡིད་འོང་རེ་བ་གསར་པའི་མྱུ་གུ་འབུམ་ཕྲག།
ནོར་འཛིན་གོ་ལའི་ཡང་རྩེར་འབུས་མགོ་ཚུགས་སོང་།།
དུས་རབས་གསར་པའི་དགེ་མཚན་བགྲང་གིས་མི་ལང་།།
ཕུགས་བསམ་གསར་པའི་འོད་སྟོང་མིག་གིས་མི་ངོམས།།
མ་འོངས་གངས་ལྗོངས་ཕུགས་མདུན་ཡངས་པའི་ངོགས་ན།།
བཀྲ་ཤིས་དགེ་མཚན་འབུམ་ཕྲག་བརྗོད་ཀྱིས་མི་ལང་།།
མི་རིགས་སྲིད་ཇུས་བཟང་བའི་མཐོ་སྒང་འདི་ནས།།
ལས་ལ་བརྩོན་པའི་གནའ་བོའི་མི་རིགས་འདི་ཡིས།།
ཕུགས་བསམ་བཟང་པོའི་རྨི་ལམ་རུམ་དུ་བཅུག་སྟེ།།
བོད་གསར་འཛུགས་བསྐྲུན་ཕྱོགས་ལ་འབད་པ་མ་ལྷོད།།
དེ་ལྟར་དུས་ཡུན་རིང་པོའི་རྨི་ལམ་གྲུབ་ཅིང་།།
སྲིད་ཆོས་ཉིན་བྱེད་སྣང་བ་མཁའ་ལ་འཕགས་པའི།།
དགེ་མཚན་ཁྲི་འབུམ་ཚོགས་པའི་མཐའ་ཡས་མཚོ་ལས།།
ཟེགས་མ་ཙམ་ཞིག་སྤྲོས་པ་འདི་ནས་རྫོགས་སོ།།
རྩོམ་གསར། 10