ནམ་ཞིག་ལ། འབྲོག་ཐང་དུ་ལོག་ཐུབ།

རང་དཔལ་སྙིང་བྱམས།        2021-07-15

གཡང་གི་རྟེན་ཕུར་ལྟ་བུའི་སྒོ་ཕྱུགས་ལྷས་ར་གང་བོ།

གྲོགས་ཕོ་མོ་བཞིན་དུ་ངོ་ཤེས་པར་གྱུར་པ་ནས་བཟུང་།

ང་རང་རི་སྒང་གང་ཞིག་ཏུ་ཐོ་ཡོར་བཞིན་འགྲེངས་ཏེ།

མིག་གིས་ཅེར་རེར་བལྟས་ཤིང་སྙིང་གཏམ་གླུ་རུ་བླངས།

འབྲོག་ཐང་དུ་ཁ་བ་བབས་རྗེས།

ཚེ་སྲོག་གི་འདབ་མ་ལྟ་བུའི།

ལྷམ་ཀོག་གི་རྗེས་མང་པོ་འབོར་བཞིན་པ་མཐོང་།

འཁྱར་མ་འཁྱོར་ཡོང་བའི་རྗེས་སུ་ཕྱིར་བལྟས་ན།

དུ་བ་སྐྱ་ལོང་ལོང་འཕྱུར་བའི་རང་ཁྱིམ་དང་།

ཆུ་ཟོ་ཁུར་ཏེ་ཕྱིར་ཁྱིམ་དུ་ལོག་བཞིན་པའི།

ཨ་མའི་རྒྱབ་གཟུགས་མཐོང་།

འབྲོག་ཐང་གི་གནམ་གཤིས་ནི་རྒྱ་སྟག་ལས་བཙན།

དེའི་ཞེ་སྡང་གི་དབུགས་དབྱུང་རེ་རེ།

ངའི་གདོང་ལ་ཚ་བེར་བེར་གྱི་འགྲམ་ལྕག་གཞུ་བར་བྲེལ།

འབྲོག་ཐང་གི་ནམ་ཟླ་ནི་མེ་རླབས་འཕྱུར་བ་དང་འདྲ།

དེའི་ཧམ་སེམས་ཀྱི་མེ་ལྕེ་རེ་རེ།

ངའི་ཤ་རུས་ཀྱི་མེ་ཏོག་སྲེག་པར་རྔམ།

ཡིན་ཡང་། ཁོ་བོ་འབྲོག་ཐང་དུ་བསྡད་བསྡད་པས།

འབྲོག་ཐང་དང་ཁ་འབྲལ་མི་འདོད་པ་ཞིག་ཏུ་གྱུར་འདུག།

རི་སྒང་གང་ཞིག་གི་རླུང་བུ་ལྟ་བུའི་ཁེར་རྐྱང་གི་རྣམ་ཤེས་འདི།

ནམ་ཞིག་ལ་འབྲོག་ཐང་དུ་ལོག་ཐུབ་པར་བསྒུག་དགོས་བྱུང་།

འབྲི་མོའི་འོ་ཞོ་ལྟ་བུའི་མ་ཡི་བརྩེ་དུང་དྲན།

ཡང་སྐོར་བསྐྱར་སྐོར་བྱས་པའི།

ཁུ་བྱུག་གི་གསུང་སྐད་ལྟ་བུའི་གདུ་བྷེའི་གླུ་གཞས་དྲན།



  • ལེ་ཚན་སྔོན་མ།:དེ་རིང་ངས་གློ་བུར་དུ་ཕ་ཡུལ་དྲན་བྱུང་།
  • ལེ་ཚན་རྗེས་མ།:ཟླ་བརྒྱད་པའི་ནང་གི་དྲན་པ།