ལོངས་སྤྱོད་འཛད་མེད་གངས་ཅན་ཡུལ་འདི་སྐྱིད།

སུ་རུ་དཀར་པོ།        2021-07-02

ཁ་བའི་རྡུལ་མང་བརྩེགས་པའི་དབུས། །

ར་བ་གངས་ཀྱི་དགའ་ཚལ་ཡོད། །

ཀྲུང་གོ་ཨ་མའི་དྲིན་གྱིས་ནི། །

ལོངས་སྤྱོད་འཛད་མེད་ཨེ་མ་རྨད། །

གདོང་ལ་བཅོས་མིན་འཛུམ་གྱིས་ཕྱུག །

སེམས་ལ་དཀྱེལ་ཆེ་བློ་མིག་ཡངས། །

ས་ཆེན་སེམས་ཀྱི་ས་ཐོབ་པ། །

ཕྱོགས་བཅུའི་རྒྱལ་བ་དགྱེས་པའི་ཡུལ། །

བཅུ་དྲུག་རྫོགས་པའི་ན་ཆུང་མར། །

དཔལ་གྱི་ལང་ཚོ་དར་ནས་ཡོད། །

བཅུ་གཉིས་རྟེན་ཀྱི་འབྲེལ་བའི་ས། །

འཁོར་བའི་བོད་ཡུལ་ལས་གཞན་གང་། །

རི་ལ་ནགས་སྨན་གཏེར་གསུམ་མཛེས། །

ཐང་ལ་ནེའུ་གསེང་འདབ་བརྒྱ་བཞད། །

གཡང་གི་ཕ་ས་ནོར་གྱི་མཛོད། །

དེང་གི་དུས་འདི་སྐྱིད་པ་ལ། །

ཙན་དན་ལྗོན་པའི་ནགས་ཀློང་འདི། །

རྒྱ་མཚོའི་གོས་ཅན་ཁྱབ་ནས་ཡོང་། །

བཅོས་མིན་དྲི་ངད་ལྡང་བ་ལ། །

ས་ཆེན་བརྒལ་བའི་ཏོག་ཏུ་བཀོད། །

དུས་ཀྱི་མེ་ལོང་འཛུམ་པའི་དཔལ། །

ཆུ་ཤེལ་ཟླ་བའི་ཟེགས་མ་འཕྲོ། །

ཚ་གདུང་སྡུག་བསྔལ་སེལ་བ་ལ། །

དེང་གི་ཟླ་བ་ཁྱོད་གཞན་གང་། །

དབུལ་ལ་ནོར་གྱི་དགོས་འདོད་ཅིག །

འབྱོར་ལྡན་རྒྱུད་ལ་བྱམས་སྙིང་རྗེ། །

ཟོལ་མེད་སེམས་ཀྱིས་འཁྲུངས་པ་ལ། །

གངས་ཅན་ས་ལའི་ལྗོངས་འདི་སྐྱིད། །

ཁ་སེམས་གཉིས་མེད་དབང་བོ་ལ། །

རྣམ་ཤེས་གསར་བའི་སྲོག་དབུགས་རྒྱས། །

ཁོམ་ལོང་མེད་པའི་ཁ་ལག་གཉིས། །

ཁྱོད་ཀྱི་ཕྱོགས་ལ་རྒྱུག་བཞིན་ཡོད། །

མ་དྲོས་མཛོད་ལ་འགྲན་པའི་ཡུལ། །

གངས་ཅན་ཡུལ་འདི་ཡིད་བཞིན་ནོར། །

བརྟན་ཞིང་བརླིང་བའི་མཐུན་ལམ་འདི། །

གསེར་གྱི་ཟམ་ཆེན་འགྲན་མེད་ཡིན། །

མཛེས་པ་སྟོང་གིས་མ་སྤྲས་ཀྱང་། །

འགྲན་པ་བརྒྱ་ཡིས་མ་སློང་ཡང་། །

ས་འོག་གསེར་གྱི་འོད་སྣང་བཞིན། །

དེང་གི་སྙན་པ་རྫོགས་མཐའ་བྲལ། །

སྨུག་ལོང་མཆེད་པའི་ཆུ་འཛིན་ཁྱོད། །

དབང་བོའི་ཕྱོགས་ནས་ཤར་ལགས་སམ། །

དབང་ལྔ་གསོ་བའི་འཚོ་བཅུད་ལ། །

མ་བོས་མགྲོན་པོར་ཕེབས་པ་ཡིན། །

སྒྲ་བརྒྱ་ལྡིར་བའི་དབྱར་རྔ་བཞིན། །

རྟ་བརྒྱའི་བང་རྩལ་འགྲན་ནས་ཡོང་། །

ལོ་བརྒྱ་བསྙལ་བའི་བདུད་རྩིའི་ཆང་། །

ཁྱེད་ཀྱི་ཕྱོགས་ལ་ཁྱོགས་ནས་ཡོད། །

འདི་ནི་དུས་ཀྱི་གོམ་འགྲོས་ཡིན། །

འདི་ནི་དེང་གི་རྨི་ལམ་ཡིན། །

རྨི་ལམ་བརྒྱ་ཡི་འབྲས་བཟང་བོ། །

ཁྱེད་ལ་ཕུལ་པའི་ཁ་བཏགས་ཡིན། །

  • ལེ་ཚན་སྔོན་མ།:འཁྲུངས་སྐར་བསུ།
  • ལེ་ཚན་རྗེས་མ།:འབྲོང་རྒོད་དྲན་ཚུལ།