རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ།

    མི་དམངས་དྲ་བ།    2021-07-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་འཆར་ཉེའི་མཚམས་སུ། རྒྱལ་སྤྱིའི་སྲིད་ཏང་དང་། སྲིད་ཕྱོགས་མི་སྣ་གལ་ཆེན། མཛའ་གྲོགས་མི་སྣ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ལ་གློག་འཕྲིན་དང་འཕྲིན་ཡིག་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་བྱས་པ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་དང་ཏང་དབར་གྱི་མཉམ་ལས་ཟབ་ཏུ་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་ཀྱང་བྱས་ཡོད།
     ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་ཡིས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་ཙན་པི་ཡར་མུ་མཐུད་རོགས་རམ་བྱས་ཏེ་གཉིས་ཕན་གཉིས་ཁེའི་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་དུ་བཏང་ཡོད། ཙན་པི་ཡ་ཡིས་རིམས་ནད་ལ་ཁ་གཏད་གཅོག་པར་དུས་ཐོག་ཏུ་རྒྱབ་སྐྱོར་བྱེད་མཁན་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། མི་དམངས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་དུས་ཐོག་ཏུ་རིམས་ནད་ལ་ཁ་གཏད་བཅག་པ་དང་འབྲེལ་དོ་དམ་དང་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་སྤྱད་པར་བསྡུར་ཐབས་བྲལ་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ནས་མིའི་རིགས་ཀྱིས་མཐར་རིམས་ནད་ཚོད་འཛིན་དང་དེ་ལས་རྣམ་པར་རྒྱལ་ཆེད་རེ་བ་སྦྱིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
     སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕཱ་ནུའུ་ཨེ་ལུའོ་ཡིས། ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་ཐོབ་པའི་གྲུབ་འབྲས་དུ་མའི་ཐོག་ནས་རླབས་ཆེན་གྱི་འགོ་ཁྲིད་ནུས་པ་ལྡན་པ་འཛམ་གླིང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་གྲུབ་འབྲས་ཐོབ་པའི་ལེའུ་གསར་པ་མུ་མཐུད་རྩོམ་པ་དང་ཕན་ཚུན་ཡིད་ཆེས་དང་། ཐུན་མོང་གི་ཁེ་ཕན། ལྷག་བསམ་མཛའ་གྲོགས་བཅས་མུ་མཐུད་རྨང་གཞིར་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་ཐུབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
     ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཨེན་ཆི་མན་ཏིས། ཀྲུང་གོ་འཕེལ་རྒྱས་ཆེན་པོ་ཕྱིན་པ་ལས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་གིས་ཏང་གཉིས་ལག་གདང་སྦྲེལ་ནས་མཉམ་དུ་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཀྲུང་གོ་གུང་ཁྲན་ཏང་དབར་གྱི་སྤུན་གྲོགས་ལྟ་བུའི་མཛའ་གྲོགས་ཟབ་ཏུ་གཏོང་བར་མུ་མཐུད་འབད་བརྩོན་བྱས་ནས་ལག་གདང་སྦྲེལ་ཏེ་འཛམ་གླིང་གི་དམངས་གཙོ་དང་། ཞི་བདེ། ཡར་ཐོན་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     སོ་ཐོ་མེ་དང་ཕུ་རིན་སི་ཕེའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ནེ་ཝེ་སིས། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་བསྐྱངས་ཚུན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་པར་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་རྒྱས་ནས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་བྱས་ཏེ་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་དར་རྒྱས་ཀྱི་འགྲོ་ལམ་གསར་པ་བཏོད་པ་མ་ཟད། རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རླབས་ཆེན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་གསུངས་པ་རེད།
     སུའུ་རི་ནམ་མི་རིགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཟུར་པ་པའོ་ཐེ་སེས། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་འགྱུར་ལྡོག་གི་མདུན་དུ་དུས་བསྟུན་འཕེལ་རྒྱས་དང་། རང་ངོས་གསར་བརྗེ། ཡང་དག་པའི་འགོ་ཁྲིད་མཉམ་སྡེབ་བདམས་པ་བཅས་ཀྱི་སྟོབས་དང་ལྡན་པའི་ནུས་པ་ཆེན་པོ་མངོན་ཡོད་ལ། འཛམ་གླིང་མི་དམངས་ལ་རེ་བའི་འོད་སྣང་སྦྱིན་ཡོད་ཅེས་གསུངས་པ་རེད།
     ཡེ་མེན་སྒྱུར་བཅོས་ཚོགས་པའི་འགོ་ཁྲིད་ཀྱི་ཁོངས་མི་གྲོས་དཔོན་གཞོན་པ་པཱ་ཤིས་ལཱ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་གྱི་རླབས་ཆེན་དོན་སྙིང་དེ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོར་འགོ་ཁྲིད་བྱས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་དང་མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་པ་དང་ཁྱབ་ཁོངས་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     དབྱི་རན་དབྱི་སི་ལམ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཙུང་ཐུང་གཞོན་པ་ཟུར་པ་ཅཱ་ཕུའུ་ལི་ཧྥར་ཏེས། 1921ལོར་ཏང་དབུ་བརྙེས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བྱ་གཞག་དོན་གཉེར་བྱས་པ་ནས། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་དང་། ཡང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པ་བཅས་ཀྱི་བར། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བརྒྱུད་ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་མིག་དཔེ་བཏོད་ཡོད་ཅེས་གསུངས་པ་རེད།
     མ་ལེ་ཞི་ཡའི་ཕྱི་ཁོངས་ཀྲུང་གོ་བའི་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་སྲིད་གཞུང་འགྲིམ་འགྲུལ་པུའི་པུའུ་ཀྲང་ཝུའེ་ཅ་ཞང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་དུས་བསྟུན་འཕེལ་རྒྱས་དང་ཡར་ཐོན་དོན་གཉེར་བྱས་པ་བརྒྱུད་ལོ་ངོ་བརྒྱ་ཡི་ལོ་ཟླའི་ཁྲོད་སྔར་བཞིན་འགྱིང་ངེར་གནས་པ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཀྱིས་གང་ཡོད། འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་གི་མིག་དཔེ་ཡིན། སླད་ཕྱིན་གྱི་ལོ་བརྒྱའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     པུར་ཀ་རི་ཡའི་སྤྱི་ཚོགས་ཏང་གི་ཀྲུའུ་ཞི་ཉི་ནུའོ་ཝ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོ་མི་དམངས་ལ་གྲ་རྒྱས་དང་། བརྟན་ལྷིང་། མཛེས་སྡུག་བཅས་ལྡན་པའི་འཚོ་བ་བཏོད་ཡོད། པུར་ཀ་རི་ཡའི་སྤྱི་ཚོགས་ཏང་གིས་ཏང་གཉིས་དབར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་དང་ཏང་གཉིས་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 


  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བ
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།