ཏང་གི་འཁྲུངས་སྐར་བསུ།

​ཟླ་སྒྲོན།        2021-06-30

གང་འདོད་ཀྱི་རྩེད་འཇོར་རོལ་བའི་བྱིས་པ། ལང་ཚོ་ཡི་འདབ་བརྒྱར་རྩོམ་པའི་གཞོན་ནུ། བག་ཕེབས་ཀྱི་འཛུམ་མདངས་ལྡན་པའི་རྒན་པོ། སུམ་རྩེན་ལ་སྐྱེངས་པ་སྟེར་བའི་གྲོང་ཁྱེར། ཕྱུག་འགྱུར་གྱི་ལམ་ཆེན་ཐོག་སྐྱོད་བཞིན་པའི་རང་གྲོང་གི་མི་རྣམས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ་འབྲས་པོའམ་གཡུར་ཟ་ཐོབ་པ་དང་འཐོབ་མུས་ཡིན། དེ་དག་ནི་དཀོན་མཆོག་གི་བཀའ་དྲིན་མིན་ལ་ལྷ་ཡི་བང་མཛོད་ནས་འདྲེན་པའང་མིན། དེ་དག་ནི་ཏང་གི་དབུ་ཁྲིད་མཛད་པའི་སྲིད་ཇུས་ཉི་མའི་འོད་ཟེར་གངས་ལྗོངས་མི་དམངས་ལ་འཕྲོས་པས་ཡིན་།

ཁྱེད་ཀྱི་སྐྱེ་བོ་དུང་ཕྱུར་མང་པོའི་ལམ་སྣེ་འདྲེན་ནས་ཕྱུག་འགྱུར་ལམ་བུའི་སྟེང་སྐྱོད་པ་ནི་རྟ་བདུན་དབང་པོས་ས་གཞི་ཡོངས་ལ་དྲོ་སྐྱིད་བྱིན་ཏེ་སྐྱེས་སྟོབས་ཀྱི་དཔལ་འབར་བ་དང་གཉིས་སུ་མེད། གུང་ཁྲན་ཏང་གི་ཡང་དག་སྲིད་ཇུས་འོག་ང་ཚོ་ཁ་བའི་ལྗོངས་འདི་དགའ་བདེའི་དཔལ་ལ་རོལ། ལོ་ངོ་བདུན་བཅུའི་རིང་ལ་བོད་ལྗོངས་ལ་བྱུང་བའི་འཕོ་འགྱུར་དག་ལོ་དང་ཟླ་བས་བརྗོད་ཀྱང་བརྗོད་མི་ཚར་བས་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་རིག་དམན་རང་བློས་རགས་པར་བརྒྱུས་པར་བྱས་ན། སྔར་རི་དྭགས་འགྲོ་རྒྱུད་དཀའ་བའི་ས་ལ་ད་ཆ་འཕྲུལ་འཁོར་གྱི་རིགས་སྣ་ཚོགས་འགྲོ་ཐུབ་པ་རྨི་ལམ་མིན་འགྲོ་བསམ་བྱུང་། སྔར་ཆར་ཐིགས་ཟགས་པའི་ཁང་པར་ད་ཆ་ཐོགས་བརྩེགས་ཁང་ཆེན་གནམ་ལ་ཟུག་པ་ལྟ་བུ་རྨི་ལམ་མིན་འགྲོ་བསམ་བྱུང་། སྔོན་མ་རྐང་ལམ་ཕྲ་མོའི་སྟེང་རྟ་དང་བོང་བུ་གཞོན་ནས་བསྐྱོད་པ་དེ་ད་ཆ་མྱུར་ལམ་མིག་དམངས་དྲ་རྒྱས་ཁེངས་པ་རྨི་ལམ་མིན་འགྲོ་བསམ་བྱུང་།

བཟའ་རིགས་ལ་སྣ་མིན་སྣ་ཚོགས་རྒྱུ་སྐར་དང་འགྲན་དུས་རྨི་ལམ་མིན་འགྲོ་བསམ་བྱུང་། གུང་ཁྲན་ཏང་ནི་དེ་བས་ཀྱང་ཁྲི་གདུགས་ཉི་མ་འདྲ་བྱུང་། སྣུམ་ནག་གཞུང་ལམ་ཕ་མཐའ་མི་མངོན་ཞིང་གཡས་དང་གཡོན་གྱིས་ཁང་བཟང་གཅིག་ལས་གཅིག་ནི་མཐོ། ཚན་རིག་ལག་རྩལ་བོད་དུ་དར་བ་ནས་བཟུང་དེང་རབས་ཅན་དུ་བསྐྲུན་པར་འབད་བརྩོན་བྱས་ཏེ་ད་ཆ་ཐོན་སྐྱེད་འབྱུར་བུར་གཏམས་ཏེ་བང་མཛོད་ལུད། བཅུ་དྲུག་ལང་ཚོ་རྫོགས་པའི་བློ་གསལ་བུང་བ་རྣམས་ཤེས་བྱའི་གེ་སར་ལེན་ནས་སློབ་ལ་འབད་བརྩོན་བྱས་པ་དང་ཟས་གོས་སྡོད་གསུམ་དང་སློབ་ཡོན་ལ་སེམས་ཁྲལ་མི་དགོས་པར་བློ་བདེ་བག་ཕེབས་ངང་དཀར་ཆ་དོད་པའི་ཁང་བཟང་ནང་སློབ་ལ་འབད་བརྩོན་བྱས་པ་དང་རིག་གནས་སློབ་གསོ་དར་སྤེལ་བྱུང་ནས་ཡིད་མུག་ཡོངས་ལས་གྲོལ་ཏེ་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་ཏེ་བོད་གསར་འཛུགས་སྐྲུན་ལས་ལ་འཇུག། མི་རིགས་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཕན་ཚུན་རོགས་སྐྱོར་དང་སྐུལ་མ་གཏོང་རེས་ངང་འཆམ་མཐུན་དང་ཤེས་དཔལ་གྱི་སྤྱི་ཚོགས་ཤིག་བསྐྱངས། ཏང་གི་བསྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ང་ཚོས་ཅི་ཞིག་ལ་མངར་མོ་དང་ཅི་ཞིག་ལ་བསྐྱུར་མོ་ཅི་ཞིག་ལ་འཇམ་པོ་དང་ཅི་ཞིག་ལ་རྩུབ་པོ་འཚོར་བྱུང་། དེ་དག་རེ་རེ་ལས་འཚོ་བའི་བདེ་སྐྱིད་ལ་གཅེས་འཛིན་གྱི་ངེས་ཤེས་རྙེད།

ང་ཚོ་ནི་ས་ཞིང་གཤིན་པོའི་ནང་གི་ས་བོན་ཞིག་དང་ཉི་འོད་འོག་གི་ཉི་མ་མེ་ཏོག་ཅིག་ཡིན་པས། ཏང་གི་ཐུགས་ཁུར་འོག་དང་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ང་ཚོ་བདེ་ཐང་ངང་འཚར་ཡོད། ང་ཚོས་མེས་རྒྱལ་གྱི་འབྱུང་འགྱུར་དེ་བས་སྟོབས་འབྱོར་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུའི་འདུན་པ་སེམས་ཁོངས་སུ་བཅངས་ཏེ། ཁྱེད་ཀྱི་འཁྲུངས་སྐར་བསུ།



  • ལེ་ཚན་སྔོན་མ།:འོ་མ།
  • ལེ་ཚན་རྗེས་མ།:མེས་རྒྱལ་ལ་བསྟོད་གླུ་ཕུལ།