སླར་མཇལ་བ།

ཉག        2021-06-04

ཏག་ཏག་ལོ་ངོ་བདུན་འདས་སོང་། ས་འདིའི་མི་ཚོགས་དང་ཁོར་ཡུག་ལ་གནམ་ས་བླ་འོག་བསྒྱུར་འདྲ་བའི་འགྱུར་ལྡོག་ཐེབས་པར་མ་ཟད། བཀྲ་ཤིས་ཚེ་རིང་ལ་མཚོན་ནའང་རང་གི་སྐྱེས་ས་སྐྱེས་ཡུལ་འདི་འགྱུར་ལྡོག་ཆེ་བས་ད་ནི་ཆ་མེད་རྒྱུས་མེད་ཅིག་ཏུ་གྱུར་འདུག བཀྲ་ཤིས་ཚེ་རིང་ཕྱི་ལོག་ཏུ་སློབ་གཉེར་ལ་ཕྱིན་ནས་ལོ་བདུན་འདས་ཏེ་ཉིན་འགའི་སྔོན་དུ་ཕྱིར་རང་ཡུལ་ལ་འབྱོར་ཡོད། ཉིན་འདི་དག་ལ་ལུག་ར་སྡེ་བས་དབྱར་གྱི་དགའ་སྟོན་ཏེ་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་ལ་རོལ་བཞིན་ཡོད་པས་བཀྲ་ཤིས་ཚེ་རིང་དང་ཁོའི་གྲོགས་པོ་ཡོན་ཏན་གཉིས་ཀྱང་མཉམ་དུ་དགའ་སྟོན་ལ་སོང་། ཡོན་ཏན་ཁོ་རང་གི་གྲོགས་པོ་འགའ་དང་འཕྲད་པས་དེ་ཚོ་དང་ལབ་གླེང་བྱེད་ཀྱིན་འདུག།

བཀྲ་ཤིས་ཚེ་རིང་ནི་སྡེ་བ་འདིའི་མི་ཡིན་ཡང་ས་འདི་དང་ཁ་བྲལ་ནས་ཡུན་རིང་འགོར་བར་ཀུན་དང་ཆ་མེད་རྒྱུས་མེད་ཅིག་ཏུ་གྱུར་བས་རང་ཉིད་གཅིག་པུ་མི་ཚོགས་ཁྲོད་ནས་མཐའ་རུ་བུད་དེ་རྩྭ་ཐང་ལ་འཁྱམ་འཁྱམ་དུ་ཕྱིན། སྐབས་དེར་ཟླ་བཟང་སྒྲོལ་མ་སྟེ་ཁོའི་སྔོན་དུས་ཀྱི་མཛའ་མོ་དང་ཡང་བསྐྱར་ཐུག་འཕྲད་བྱུང་། བཀྲ་ཤིས་ཚེ་རིང་ནི་སྔོན་ཆད་དང་བསྡུར་ན་གཟུགས་པོ་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད(劳力士) ལའོ་ལེས་ཧྲི་རྟགས་ཅན་གྱི་ལག་འདོགས་ཆུ་ཚོད་ཅིག་བཏགས་ཏེ་ནུབ་ལྭ་གྲལ་དག་ཅིག་གྱོན་ནས་རླངས་འཁོར་ཡང་རྫིག་པོ་ཞིག་བསྐོར་ཡོད་ལ། གལ་ཏེ་མི་ཆ་ཡོད་ཞིག་ལ་ཁོ་ནི་སྔོན་ཆད་ཀྱི་བཀྲ་ཤིས་ཚེ་རིང་དེ་རེད་ཟེར་ན་ཧ་ཅང་ཡིད་ཆེས་དཀའ་བའི་ཚོད་དུ་འདུག། ཟླ་བཟང་སྒྲོལ་མས་ཉིན་དེར(香奈) ཤང་ནའེ་རྟགས་ཅན་གྱི་ལག་བརྒྱུད་རྒྱབ་ཁུག་ཅིག་ཁུར་ནས་ལྭ་བ་སྐྱ་བོ་ཞིག་གྱོན་འདུག། བལྟས་ཚོད་ཀྱིས་མོ་ཡང་གཅིག་པུ་ཡིན་པར་འདྲ། མོས་བཀྲ་ཤིས་ཚེ་རིང་མཐོང་འཕྲལ་ངོ་མདོག་དམར་པོར་གྱུར་ཅིང་བཀྲ་ཤིས་ཚེ་རིང་གིས་ཀྱང་མོ་མཐོང་བ་དང་ཅུང་ཙམ་དོགས་མི་བདེ་བར་གྱུར།

གང་ལྟར་དེ་ནི་ཁོ་གཉིས་སྔོན་ཆད་ཁ་ཁར་གྱེས་པ་དང་འདྲ་བའི་བྲེལ་འཚུབ་ཀྱིས་ཁེངས་པའི་ཐུག་འཕྲད་ཅིག་རེད་ཨང་། དེ་ནས་བཀྲ་ཤིས་ཚེ་རིང་གིས་ཐོག་མར་ཟླ་བཟང་ལ་བདེ་མོ་ཞེས་འཚམས་འདྲི་བྱས། “བདེ་མོ། ཁྱོད་བདེ་མོ།” “ངའང་བདེ་མོ་ཡིན།” སྤྱིར་ན་བཀྲ་ཤིས་ཚེ་རིང་ལ་དྲི་བ་མང་པོ་ཞིག་ཡོད་མོད། དེ་རིང་ཟླ་བཟང་ལ་དེ་ལས་ལྷག་པའི་དྲི་བ་མང་པོ་ཞིག་ཡོད་པ་འདྲ། “ལོ་འདི་དག་ལ་ཁྱོད་རང་མཐོང་རྒྱུ་མི་འདུག གོ་ཐོས་སུ་ཁྱོད་ཕྱི་རྒྱལ་དུ་བུད་སོང་ཟེར་བ་བདེན་ནམ།” “ ཡིན། ང་རང(菲律宾)ཧྥེས་ལེས་ཕེན་དུ་ལོ་འགར་བསྡད་པ་ཡིན། ད་ཐེངས་ཕྱིར་ཕ་མ་གཉིས་སར་འོངས་ནས་ཁོང་གཉིས་ཀྱི་ཚེ་མཇུག་ལ་བསྙེན་བཀུར་རེ་བསྒྲུབ་ཨེ་ཐུབ་འདོད་པས་ཕ་ཡུལ་དུ་ལོག་པ་ཡིན། ཁྱོད་ཀྱི་ཕ་མ་གཉིས་བདེ་བར་བཞུགས་སམ། ཁོམ་སྐབས་སུ་ཁོང་གཉིས་ལ་འཚམས་འདྲི་ཞིག་བྱེད་དུ་འགྲོ་དགོས།” “ཡ་ཡ། ཁོང་གཉིས་བདེ་མོ་རེད།” “ཁོང་རྒན་རྒོན་གཉིས་སྔོན་གྱི་ལུང་དཀར་གྱི་མདོ་ལ་ཡོད་དམ།” “ཡོད། སྔར་གྱི་ས་ན་ཡོད།”

སྐབས་དེར་ཟླ་བཟང་གི་བུ་མོ་སྟེ་ཚེ་རིང་སྐྱིད་གམ་དུ་རྒྱུག་ཡོང་སྟེ། “ཨ་མ། ཨ་ཁུ་འདི་སུ་རེད” ཅེས་བཤད་པ་དང་མོས་ཚེ་རིང་སྐྱིད་རང་གི་པང་དུ་བླངས་ནས། “ཨ་ཁུ་འདི་ཨ་མའི་སློབ་ཆུང་སློབ་གྲོགས་ཤིག་རེད” ཅེས་བཤད་པ་དང་ཚེ་རིང་སྐྱིད་ཀྱིས་ཟླ་བཟང་གི་སྐད་ཆ་བཅད་དེ། “ཨ་མ། ཨ་ཁུ་འདི་ངས་ཁྱོད་ཀྱི་པར་ཚགས་ནང་དུ”ཞེས་མོས་སྐད་ཆ་བཤད་མ་ཚར་གོང་ཟླ་བཟང་གིས་མོ་ལ་ཤ་གཅུ་ཞིག་བརྒྱབ་ནས། “མི་ཆེན་ཚོའི་ཁ་བརྡའི་བར་ལ་མ་འཚང”ཞེས་བཤད། བཀྲ་ཤིས་ཚེ་རིང་ན་རེ། “བུ་མོ་འདི་ཁྱོད་ཚང་གི་ཡིན་ནམ། ཅི་འདྲའི་སྙིང་རྗེ་མོ་ཞིག་འདུག ལོ་དུ་རེད།” “ལོ་ལྔ་རེད”ཅེས་སྐད་ཆའི་མཇུག་མ་རྫོགས་པར་བཀྲ་ཤིས་ཚེ་རིང་ཁོའི་གྲོགས་པོ་ཡོན་ཏན་གྱིས་འབོད་ཀྱིན་འདུག་པས་ཟླ་བཟང་གི་ངོ་ལ་བལྟས་ནས་ལྕེ་བསྣར་ཞིག་བྱས་ཏེ་འགྲོ་རན་སོང་ཞེས་པའི་བརྡ་བསྟན་ནས་མཇུག་ཏུ་ལག་བརྡ་ཞིག་བྱས་ཏེ་བུད་སོང་།

བཀྲ་ཤིས་ཚེ་རིང་དང་ཁོའི་གྲོགས་པོ་ཡོན་ཏན་གཉིས་ཀྱི་རླངས་འཁོར་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཡང་ཟླ་བཟང་དང་མོའི་བུ་མོ་གཉིས་ད་དུང་སྔར་གྱི་གནས་དེ་ན་འགྲེང་འདུག སྐབས་དེར་བུ་མོས་ཟླ་བཟང་ལ། “ཨ་མ། ཁྱེད་ཀྱིས་རྫུན་བཤད་དོན་ཅི་ཡིན། ང་ད་ལོ་ལོ་བདུན་རེད།”ཅེས་བཤད།



  • ལེ་ཚན་སྔོན་མ།:རྒྱང་བཞུད་ཀྱི་གྲོགས་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།