རྨི་ལམ་ནང་གི་གཙང་བོ་གཉིས།

བཙན་མི།        2021-05-21

མཚན་མོ་དེར་ང་གཉིད་དུ་ཡུར་སོང་། གཉིད་དུ་ཡུར་བ་ནི་གཅིག་བྱས་ན་བདེ་བ་ཞིག་ཀྱང་ཡིན་ངེས་ཏེ། གཉིད་དུ་ཡུར་རྗེས་ཆོས་ཉིད་ཀྱིས་ཐག་གིས་བཅད་པའི་འཇིག་རྟེན་འདིར་བསྐྱར་བཅོས་བྱས་ཏེ་རང་ཉིད་ཀྱི་རྨི་ལམ་བཟོ་ཆོག གཉིད་དུ་ཡུར་རྗེས་མེ་ཏོག་གིས་སྐྲ་ལོ་བྱས་ཏེ་འདོད་འདུན་གྱི་ཉི་མ་རང་ཉིད་ཀྱི་ཁང་མིག་ནང་བཀལ་ཆོག གཉིད་དུ་ཡུར་རྗེས་གཏན་དུ་མི་འཕྲད་པ་དག་ལ་ཡང་ཐུག་འཕྲད་བྱ་ཆོག འོན་ཀྱང་། ང་གཉིད་དུ་ཡུར་མི་འདོད། མཚན་མོ་དེར་ངས་གཙང་བོ་ཆེན་པོ་ཞིག་རྨི་ལམ་དུ་རྨིས་བྱུང་བས། དེ་ནས་བཟུང་ང་གཏན་ནས་གཏན་དུ་གཉིད་དུ་ཡུར་མི་སྤྲོ།

མཚན་མོ་དེར། ངས་ཡར་ཟིན་པའི་མཚན་མོ་གཞན་བཞིན་རྨི་ལམ་དུ་ཉི་འོད་རྨིས་ཐུབ་སྙམ། དཔེར་ན་གཟའ་འཁོར་འདིའི་གཟའ་ཟླ་བའི་མཚན་མོར། ངའི་རྨི་ལམ་དུ་ཟླ་བ་ཞིག་རྨིས་ཤིང་། ཟླ་བའི་འོད་ཟེར་ནི་བསིལ་བ་མ་ཡིན་པར་དྲོད་ཁོལ་གཞན་ཞིག་འཁྱིལ་ཡོད་པ་རྨིས། ངས་རྨི་ལམ་འདི་དེ་ལྟར་ཡུན་རིང་ལ་རྨིས་རྗེས་རྒྱང་རིང་རྒྱང་རིང་གི་ནམ་མཁའ་ནས་སྤྲིན་པ་ལང་ཚེ་ཞིག་ཟླ་འོད་ཀྱི་ངོགས་སུ་ཡོང་བཞིན་པ་རྨིས་ལ། ཟླ་འོད་དེ་ངའི་མིག་མདུན་གྱི་བར་སྣང་ནས་ཡུན་རིང་མ་འཕྲད་པའི་བུ་མོ་ཞིག་ཏུ་གྱུར་ཏེ། ང་ཡི་འཇིག་རྟེན་འདི་དགའ་སྐྱོའི་ཆར་བས་བརླན་པའི་ཞིང་ས་རུ་བྱས་པ་རྨིས། དེའི་རྗེས་སུ་ང་གཉིད་ལས་སད་བྱུང་མོད། འོན་ཀྱང་ངས་དེ་ལྟ་བུའི་རྨི་ལམ་ཞིག་ཡང་ནས་ཡང་དུ་རྨིས་པར་ཤོག་ཅེས་སྨོན་ལམ་མི་འདེབས་ཀ་མེད་རེད།

དེ་ལྟ་ན་ཡང་། མཚན་མོ་དེ། མཚན་མོ་དེར་རྨིས་པའི་རྨི་ལམ་དངོས་གནས་གླེང་ཐབས་མི་འདུག མཚན་མོ་དེ་རྫོགས་རྗེས་ང་ཞེན་པ་ལོག་སོང་། དེ་ནས་བཟུང་ངས་གཉིད་ཟེར་བ་ཞིག་མེད་ན་སྙམ། རྨི་ལམ་ཟེར་བ་ཞིག་དེ་བས་ཀྱང་མི་སྲིད་ན་སྙམ། མཚན་མོ་དེར་ངས་ཡུན་རིང་རྨི་ལམ་དུ་ཐོགས་པའི་བུ་མོ་དེ་ངའི་འཇིག་རྟེན་དང་དབྱེར་མེད་དུ་འདྲེས་ཤིང་། ང་ཡི་སད་ཀྱིས་ཁྱེར་བའི་སེམས་ངོགས་སུ་ཆར་ཐིགས་བཞིན་འཐིམ་སོང་ན་ཡང་། དེ་ནས་བཟུང་ངས་ཁོ་མོའི་ཡོད་ཚད་བོར་བརླག་ཐེབས་ཏེ་རྙེད་ཀྱིན་མེད་པ་རྨིས། ངས་ཁོ་མོའི་མིང་ནས་ཤེད་ཀྱིས་ཐེངས་འགར་བོས་པ་ན་ང་རྨི་ལམ་ལས་སད་བྱུང་། ངས་ད་གཟོད་ཡོད་ཚད་སྐབས་ཤིག་གི་འཁྲུལ་སྣང་ཡིན་པ་རྟོགས་ན་ཡང་། ང་རྨི་ལམ་དེ་ལས་སད་རྗེས་ཕྱིར་མགོ་བོ་སྔས་འབོལ་དུ་བཞག་སྟེ་གཉིད་མ་ཕོད།

མཚན་མོ་དེར་ད་དུང་ངའི་རྨི་ལམ་དུ་གཙང་བོ་ཆེན་པོ་ཞིག་རྨིས་བྱུང་། གཙང་ངོགས་སུ་ཁེར་རྐྱང་གི་ཉན་པ་ཞིག་ཀོ་གྲུ་ཆག་པོ་ཞིག་ཏུ་བཙོག་འདུག། ང་རང་གཙང་བོ་དེའི་ཕར་ངོགས་སུ་འགྲོ་བར་འདོད་དེ་ཀོ་གྲུ་དེར་ཞུགས། ཁོས་ཀོ་གྲུ་རླབས་རིས་འཁྱིལ་འཁྱིལ་དུ་གཡོ་བའི་གཙང་ངོགས་སུ་བཏང་ནས་གྲུ་ཁེམ་གཉིས་ཀྱིས་མདུན་དུ་བསྐྱོད་པར་བསྐུལ་མ་གཏོང་མགོ་བརྩམས། ང་གཉིས་གཙང་བོའི་དཀྱིལ་བརྒྱུད་དུ་བསླེབས་པ་ན་ངས་གཙང་ངོགས་སུ་བུ་མོ་ཞིག་གི་གཟུགས་བརྙན་འཆར་ཡོད་པ་རྨིས། བུ་མོ་དེ་ནི་སུ་ཡང་མ་ཡིན་པར་ངས་ཡུན་རིང་སྒུག་མྱོང་བ་དེ་རེད། སྐབས་དེར་ཀོ་གྲུའི་ཆག་གས་ཀྱི་བར་ནས་གཙང་བོ་གྲུ་ནང་དུ་འཁྱིལ་མགོ་བརྩམས། ཉན་པ་མི་འདུག། ཀོ་གྲུ་ཆག་པོ་དེར་ང་གཅིག་པུ་ལས་མི་འདུག ཀོ་གྲུའི་ནང་དུ་གཙང་བོ་འཁྱིལ་རྗེས་ཀོ་གྲུ་ཆུ་འོག་ཏུ་ནུབ་འགྲོ་བཞིན་འདུག་པ་རྨིས།

དེ་ནས་བཟུང་ངས་རང་ཉིད་ལ་རྨི་ལམ་མེད་ན་སྙམ། གཉིད་དུ་ཡུར་རྗེས་མུན་རུབ་པ་བཞིན་ཅི་ཡང་མཐོང་དུ་མེད་ན་སྙམ། འོན་ཀྱང་ལ་ཤས་ཀྱིས་ང་ཚོར་རྨི་ལམ་དགོས་ཟེར། མི་ཚེ་འདིར་རྨི་ལམ་མེད་ན་ཅི་ཡང་འགྲུབ་མི་ཐུབ་ཟེར། མར་ཐུན་ལོ་ཐོན་ཁེན་གྱིས་ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་གསུང་བཤད་གལ་ཆེན་ཞིག་གནང་རབས་ཟེར། རྨི་ལམ་དེའི་ངོགས་ནས་ཁོང་གིས་བཀྱིགས་ཐག་ཅིག་དཀྲོལ་སོང་རབས་ཟེར། ཡང་ལ་ཤས་ཀྱིས་བླ་མས་གཟིམ་ལམ་ལ་བརྟགས་ཏེ་ཆགས་འཇིག་མང་པོར་བསྡོམས་ཚིག་བཀོད་སོང་རབས་ཟེར། ཡིན་ན་ཡང་། ངས་རྨི་ལམ་མེད་ན་སྟོང་བསམ་གྱི་རི་རབ་བརྒལ་མི་དགོས་པར་བག་ཡངས་ཀྱི་ཉི་མར་ལྡེ་ཆོག་པར་འདོད། རྨི་ལམ་གྱིས་ཡོད་ཚད་རྨི་ལམ་དུ་བསྒྱུར་ཉེན་ཡང་ཆེ། རྨི་ལམ་གྱིས་བརྩེ་འདང་གི་དུས་ཚོད་མང་པོར་གས་ཁ་བཟོ་སྲིད་སྙམ། དེ་བས་ང་ལ་རྨི་ལམ་མེད་ན་ཆོག། རྨི་ལམ་གྱི་འཇིགས་སྣང་མྱོང་བ་ལས་ཅི་ཡང་མི་འཐོང་བའི་གཉིད་དུ་ཡུར་སྟངས་ཀྱིས་ཆོག་ཀོ་སྙམ།

  • ལེ་ཚན་སྔོན་མ།:སྔ་གཞུག་གི་མི།
  • ལེ་ཚན་རྗེས་མ།:རྒྱང་བཞུད་ཀྱི་གྲོགས་པོ།