ང་རང་སློབ་མ་ཡིན་པའི་གཏམ་རྒྱུད།

ཁ་བ་ན་རོ།        2021-05-17

ད་ནི་སློབ་གྲྭ་དང་སློབ་མ་ཟེར་བའི་མིང་བྱང་འདི་ལ་གྱེས་ཕྱག་ཕུལ་ཏེ་ཀུ་རེ་ལྟ་བུའི་སྤྱི་ཚོགས་སུ་ཞུགས་ནས་ཅུང་ཙམ་ལས་མ་འགོར་མོད། ཡིན་ནའང་སློབ་གྲྭ་ཟེར་བ་དེ་སེམས་ན་བཞད་པའི་མེ་ཏོག་ལྟར་བརྗེད་དཀའ་ཞིང་དྲན་སླ་བ་ཞིག་རེད། ང་རང་སློབ་མ་ཡིན་དུས། བག་ཆགས་ཁྲོད་བརྗེད་དུ་མེད་པ་ཞིག་ནི་དགེ་རྒན་གསར་བ་རེ་དང་སློབ་གྲྭ་གསར་བ་རེ་ལ་ཐོན་དུས་དགེ་སློབ་གཉིས་ཀས་རང་ཉིད་ངོ་སྤྲོད་ཞིག་བྱེད་དགོས་པ་དེ་རེད། ཐོག་མར་འཆད་སྟེགས་ཐོག་ལངས་པའི་དགེ་རྒན་གྱིས་རང་ཉིད་ངོ་སྤྲོད་གསལ་ཐག་རྦད་ཆོད་ཞིག་བྱས་མཐར། ང་ཚོ་སྟེ་སློབ་མའི་ངོ་སྤྲོད་ཀྱི་མགོ་རྩོམ་དགོས། མིང་དང་ཕ་ཡུལ། དགའ་ཕྱོགས། ཕུགས་བསམ་བཅས་རེ་རེ་བཞིན་བཤད་དགོས། ནམ་རྒྱུན་ངས་རང་ཉིད་ངོ་སྤྲོད་བྱེད་སྐབས་མིང་ལས་གཞན་བཤད་མི་ཐུབ།བཤད་མ་ཐུབ་པའང་མིན་ཏེ་གོ་སྐབས་མེད་པ་འདྲ། ངའི་མིང་ལ་འཕགས་པ་རྣམ་རྒྱལ་ཟེར་ཞེས་སྐད་གསེང་དག་པའི་ངང་བཤད་མ་ཐག་ཏུ་སློབ་གྲོགས་དག་གད་མོ་ཤོར་ཡོང་གི་འདུག། སློབ་གྲོགས་ལ་ལས་ཕག་་་ཕག་་་ཕག་རེད་ཟེར་ནས་བཤད་ཞོར་དགོད་ཞོར་བྱེད། ཡང་ལ་ལས་ཕག་རྒན་དང་ཕག་ཕྲུག་སོགས་གང་བྱུང་བཤད་ནས་འཕྱ་སྨོད་བྱས། སྐབས་དེར་ངས་ཀྱང་མུ་རུ་ངོ་སྤྲོད་བྱེད་པའི་འདུན་པ་ངང་ངམ་ཤུགས་ཀྱིས་ལྷོད་འགྲོ། དགེ་རྒན་གྱིས་ཀྱང་ངའི་དཀའ་ཁག་ཤེས་པ་ལྟར་མར་སྡོད་ཟེར། མདོར་ན་ཁག་ཀྱང་ཡོད་པ་མ་རེད། དེ་ནི་ཁོང་ཚོས་“ཕག”དང་“འཕགས”གཉིས་ཀྱི་ནང་དོན་མ་ཤེས་པས་རེད། ཐ་ན་རང་ཉིད་ཀྱིས་ཀྱང་མི་ཤེས། ད་དུང་སློབ་གྲྭ་གྲོལ་ནས་ཕྱིར་ཡུལ་ལ་ཐོན་མ་ཐག་ཏུ་ཨ་ཕ་ངའི་མིང་བརྗེས་དགོས་ཚུལ་དང་ངའི་མིང་མི་ཡག་ཚུལ་སོགས་རེ་ཞུ་ཞུས། ད་དུང་སློབ་གྲྭའི་ནང་ནས་སློབ་གྲོགས་ཚོས་ང་ལ་ཕག་རྒན་དང་ཕག་ཕྲུག་ཟེར་ནས་མཚང་མིང་འདོག་ཚུལ་སོགས་བཤད། ཡིན་ནའང་ཨ་ཕས་གནས་ལུང་པ་གང་བཤད་ནས་ང་རང་ཅི་བྱ་གཏོལ་བྲལ་དུ་བསྒྱུར།

རིམ་བཞིན་གྲ་སྒྲིག་འཛིན་གྲྭ་ནས་སློབ་ཆུང་ལོ་རིམ་གསུམ་བཞི་ཙམ་ལ་འབུད་རག་བར་དུ་ཕག་རྒན་དང་དང་ཕག་ཕྲུག་གི་མིང་བྱང་དེ་རྣ་ལམ་ནས་འཇགས་མྱོང་མེད། ལོ་དེ་དག་གི་རིང་ལ་མཚང་མིང་འདོག་མཁན་ཚོར་རྡུང་རེས་བརྒྱབ་པའང་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན། སྐབས་སྐབས་སུ་རང་ཉིད་འཐེང་ནས་འགྲོ་དགོས་ཡོད་ལ། སྐབས་སྐབས་སུ་རང་ཉིད་བྲོས་ནས་ཀྱང་འགྲོ་དགོས་ཡོད། དེ་དུས་ངས་རང་ཉིད་ཀྱི་མིང་འདི་ནི་ལན་ཆགས་ཤིག་རེད་སྙམ་འདོད། ཐ་ན་ཆུང་མ་ལྟ་བུའི་གྲལ་མཚེས་ལའང་འཁོན་ནས་ཁ་མ་གྲག་པར་ཉིན་འགའ་ཤས་ལ་བསྡད་མྱོང་། དེའི་རྗེས་སུ་ཕག་དང་འཕགས་གཉིས་ལ་གོ་བ་ཟབ་མོ་ཙམ་བླངས་མཐར། མཚང་མིང་འདོག་མཁན་གྱི་གནས་བབས་ནི་ཇེ་ཉུང་ནས་ཇེ་ཉུང་དུ་ཆགས། ང་ལ་མཚོན་ན་དངོས་ནས་ཞི་འཇགས་ཀྱི་འཚོ་བ་ཞིག་ཡིན་ལེ་རེད།

ལོ་ཟླ་ནི་སྡེ་འདབས་ཀྱི་ཆུ་མོ་ལྟར་བཞུར་ནས་སློབ་ཆུང་ཀྱི་འཚོ་བ་ལ་རྫོགས་ཚིག་འགོད་དགོས་བྱུང་། ང་རང་གི་ངོས་ནས་ཡིད་ཚིམས་ཤིང་ཁམས་དྭངས་པ་ཞིག་སྐྱེས།མཐར་ཕྱིན་ཁ་དེར་མཐར་ཕྱིན་བགྲོ་གླེང་མཛད་སྒོ་ཞིག་ཀྱང་ཚོགས། མཐར་ཕྱིན་ཚོགས་འདུའི་སྟེང་དགེ་རྒན་མང་བོའི་གཏམ་བཤད་ཅིག་བྱས་མཐར། སློབ་མ་མང་ཤས་མགོ་བསྒུར་ནས་འདུག་ཅིང་མིག་མཐའ་མཆི་མས་བསྐོར་ཡོད། དེ་དུས། ངས་ཀྱང་རང་ཉིད་ལ་མཚང་མིང་འདོག་མཁན་དང་དྲིན་ཆེན་གྱི་དགེ་རྒན་རེ་འགའ། ད་དུང་ནམ་རྒྱུན་ས་སྐྱ་ལེགས་བཤད་བློར་འཛིན་རོགས་ཀྱི་གྲོགས་པོ་དཀོན་མཆོག་ཚེ་བརྟན། འཁོན་སླ་ལ་འགྲིག་སླ་བའི་གྲོགས་པོ་ནོར་བུ་དབང་རྒྱལ། བཟའ་ཚང་ནང་བཞིན་རོགས་རམ་བྱེད་པའི་གྲལ་མཚེས་དོན་འགྲུབ་ལྷ་མོ་སོགས་ཀྱི་སྣང་བརྙན་ཡིད་ལ་ཝ་ལེར་ཝ་ལེར་འཆར་བ་ན་ང་ལའང་ངུ་འདོད་ཀྱི་བྲོ་བ་ཞིག་ཤར་རོ༎

  • ལེ་ཚན་སྔོན་མ།:ཟོག་རྫིའི་ཟིན་ཐོ།
  • ལེ་ཚན་རྗེས་མ།:ཕ་ཡུལ། ཕ་ཡུལ།ཕ་ཡུལ།