ང་ཚོས་འཇིག་རྟེན་ཁམས་ཆེན་པོ་འདིར་རོལ་མྱོང་ཞིག་བྱེད་དགོས་ན་ཡང་སྙིང་ཅི་ཞིག་འཚོལ་དགོས་སམ།

མགར་ཐང་དཀར།        2021-04-28

དེ་ཡང་འཇིག་རྟེན་ནི་སྣ་འདུས་རང་བཞིན་གྱི་མིང་ཚིག་མང་བོ་ཞིག་གིས་གྲུབ་ཡོད་ཅིང་།ཟང་ཟིང་དང་བཀག་སྡོམ། གུ་ཡངས་ཟེར་བའི་སྡོམ་ཚིག་མཐའ་མེད་དག་ཀྱང་ཁམས་ཆེན་པོ་འདིར་ཐིམ་ནས་ཡོད།མ་ཟད་རེ་བ་དང་འགྲན་སློང་སོགས་བརྩོན་འགྲུས་ཀྱི་སྔོན་འགྲོར་བསྒྲེང་ཆོག་པའི་ཐ་སྙད་མང་པོ་ཞིག་ཀྱང་འཇིག་རྟེན་འདིའི་པང་ཁུགས་སུ་བསྙེས་ནས་ཡོད།

སྤྱིར་འཇིག་རྟེན་ཁམས་ཆེན་པོ་འདི་ནི་གོར་གོར་རམ་རིལ་མོའི་གཟུགས་སུ་གྲུབ་པའི་ས་ཆུ་གཉིས་འདུས་ཀྱི་གོ་ལ་ཆེན་པོ་ཞིག་ཡིན་ཞིང་།གོ་ལ་འདི་ལ་སྐྱབས་སུ་རེ་བའི་འགྲོ་བ་དག་ནི་མང་བས་རེ་རེ་བཞིན་བགྲང་དཀའ་བའི་ཚོད་རེད།ཡིན་ཡང་ད་ལྟ་འཇིག་རྟེན་ཁམས་ཆེན་པོ་འདི་འགྲོ་བ་མི་གཅིག་པུས་སྒེར་གཅོད་དང་ཧམ་བཟུང་གིས་དབང་དུ་བསྡུས་ཡོད་པ་འདྲ་སྟེ།"འདི་ནས་རེ་རེ་བཞིན་བཤད་ཀྱང་མི་དགོས་ཏེ་རི་སྐྱེས་སྲོག་ཆགས་བཀག་སྡོམ་ས་ཚུགས་དང་ཡུལ་སྐོར་ལྗོངས་རྒྱུའི་ཁུལ་ཁ་ཤས་ལ་བལྟས་ན་ཤེས་ནུས་སོ"།།ཡང་གཅིག་བཤད་ན་འཇིག་རྟེན་ནི་ཆེ་རྒྱུ་ཆུང་རྒྱུ་མེད་པའི་གོ་ལ་ཞིག་ཡིན་ཡང་།འདིར་གནས་བཅའ་ཆོག་པ་ནི་འགྲོ་བ་མི་གཅིག་པུ་ག་ལ་ཡིན།རྒྱུ་མཚན་དེང་སྐབས་ཚན་རིག་པའི་ཞིབ་འཇུག་འབྲས་བུ་ལྟར་ན་འཇིག་རྟེན་ཁམས་ཆེན་པོ་འདིར་རི་སྐྱེས་སྲོག་ཆགས་དག་མེད་དུ་མི་རུང་ལ།གལ་ཏེ་རི་སྐྱེས་སྲོག་ཆགས་དག་ཇེ་ཉུང་དུ་སོང་ཚེ་གོ་ལར་གསོན་ཤུགས་རྒྱས་མི་ཐུབ་པའི་ཚུལ་སོགས་མང་དུ་བཤད་ཡོད་པས་འདི་ནས་མི་གླེང་རང་སོར་བཞག་འཇོག།

བསམ་ཞིབ་རེ་བྱས་ན་འཇིག་རྟེན་འདི་ནི་ངོ་བོ་གཉིས་ཀྱི་རྣམ་པའི་གྲུབ་ཡོད་དེ།གཅིག་ནི"ཚེ་སྲོག་མཚར་སྐྱེ།"གཞན་ཞིག་ནི"བེད་སྤྱོད་ཀྱི་བྱ་དངོས"སོ།ཡིན་ཡང་དེང་སྐབས་མི་ཚོས་བེད་སྤྱོད་ཀྱི་ཚད་གཞི་ཅུང་ཆེན་པོའི་གནས་སུ་ཆགས་ཡོད་པས་རྒྱལ་ཁབ་ཀྱིས་ལྗོངས་རྒྱུའི་གནས་ཁུལ་དང་སྲོག་ཆགས་སྲུང་སྐྱོང་ཁུལ་མི་འཛུགས་ཐབས་མེད་དུ་ཆགས་ཡོད་པ་འདྲ། མ་ཟད༼ རྩ་ཁྲིམས༽ དང༼ བཅའ་ཁྲིམས༽ ཀྱི་རྣམ་པའི་སྟེང་ནས་སྲུང་སྐྱོབ་འདུ་ཤེས་སོགས་ཤེས་བྱ་སྣ་ཚོགས་གྲོང་དང་གྲོང་ཁུལ་ལ་ཁྱབ་བསྒྲགས་བྱས་ཡོད་པའང་ཕལ་ཆེར་ཅུང་ཐབས་ཟད་ཀྱི་བྱེད་ཐབས་ཤིག་ཨེ་ཡིན་སྙམ།སྤྱིར་འགྲོ་བ་མི་ནི་གནའ་སྔ་མོ་ནས་རི་དྭགས་རྔོན་པ་སོགས་སྐྱེ་དངོས་སྣ་ཚོགས་ཤིག་ལ་བརྟེན་ནས་ད་རག་བར་དུ་འཚོ་བ་བསྐྱལ་ཡོང་བ་ཡིན་པས།ད་ལྟའི"ཚན་རིག་དཔལ་ཡོན་ཅན"གྱི་རྣམ་པར་ཅུང་མ་འདྲེས་པར་སྔར་གྱི་རྣམ་པ་མངོན་པ་ཅུང་ཚད་དྲགས་པ་ལོས་ཡིན་སྙམ།དེའི་ཕྱིར་མི་སུ་དང་གང་ཡིན་ཡང་དེང་རབས་ཅན་གྱི་སློབ་གསོའི་ལམ་ཕྱོགས་ལ་དཔེ་བལྟས་ཏེ་འབྱུང་འགྱུར་གྱི་གོ་ལར་སྲུང་སྐྱོབ་དང་བདག་དོམ་བྱ་རྒྱུའི་དབང་ཆ་ཡོད་མེད་ནི་བཤད་མི་དགོས་པས།མི་རང་རང་སྒེར་ངོས་ནས་མ་བསྐུལ་དང་བླངས་བྱ་རྒྱུ་ཧ་ལས་པ་གལ་ཆེན་རེད།སའི་གོ་ལ་ནི་འགྲོ་བ་མི་གཅིག་པུའི་བདག་གེར་བཞེས་ཆོག་པ་ཞིག་མིན་ལ།སའི་གོ་ལའི་ཁྱབ་ཁོངས་ཀྱི་ཆ་ཡང་དེ་ཙམ་ཞིག་མིན་པར་ང་ཚོ་མི་སོ་སོའི་ངོས་ནས་གོ་བ་གཏིང་ཟབ་ཅིག་བླངས་ན་ད་གཟོད་མ་འོངས་གོ་ལ་ཆེན་པོ་འདིའི་ཚེ་སྲོག་དང་འགྲོ་བ་ཡོངས་ཀྱི་བདེ་སྡུག་ལ་ཅུང་བསམ་ཤེས་བྱས་ཡོད་པ་ནི་སྨྲ་དགོས་མི་འདུག།

ང་ཚོ་མི་མང་ཤོས་ཤིག་ལ་སྒེར་སྡོམ་གྱི་བསམ་བློ་འདི་ལྟ་བུ་ཞིག་འདུག་སྟེ།"རང་ཉིད་ཀྱི་མི་རབས་འདི་འདས་ཚར་དུས་ད་གཟོད་གོ་ལ་འདིར་འབྲེལ་བ་སྤུ་ཙམ་ཡང་མེད་སྙམ་གྱི་ཡོད།"བསམ་བློ་རེ་ཐོངས་དང་སའི་གོ་ལ་ནི་མི་ཞིག་གི་མི་རབས་གཅིག་ལ་བེད་སྤྱད་རྗེས་འཇིག་འགྲོ་བ་ཞིག་ཨེ་རེད།དེ་ལྟ་བུ་ནི་དངོས་གནས་བསམ་བློའི་གཞི་རྒྱ་ཧ་ཅང་ཆུང་བའི་རྟགས་ཡིན་པར་མ་ཟད།ནོར་འཁྲུལ་དང་བསམ་ཤེས་མ་ཐུབ་པའི་རྟགས་ཤིག་རེད།འུ་ཚོའི་མི་རབས་འདི་འཇིག་ཚར་དུས་ད་དུང་མི་རབས་རྗེས་མ་ཡོད་ལ་མི་རབས་རྗེས་མ་དེ་དག་ད་དུང་ཡང་མི་རབས་རྗེས་མ་ཡོད་པས་ང་ཚོ་སྒེར་ངོས་ནས་སྤྱི་ཕན་རིང་ལུགས་ཀྱི་བསམ་བློ་རང་རྒྱུད་ལ་ལེན་རྒྱུ་ཧ་ལས་པ་གལ་ཆེན་རེད།སའི་གོ་ལ་ནི་ནམ་ཞིག་ལ་འཇིག་འགྲོ་ཞེས་ལོ་ཟླ་ཚེས་གྲངས་གཞན་ཞིག་གིས་གཏན་འཁེལ་བྱས་མེད་ལ་ཅི་ཙམ་ཅི་ཙམ་ཞིག་ལ་མ་གཏོགས་སའི་གོ་ལར་སྲུང་སྐྱོབ་བྱེད་མི་དགོས་ཞེས་ཀྱང་ཁྲིམས་ལུགས་ཀྱང་སྒྲོག་གིན་མིན་པས་རང་ཉིད་ཀྱི་འཚོ་ཚིས་དང་མི་རབས་ནས་མི་རབས་དུ་མའི་འཚོ་ཚིས་ལ་འདང་བརྒྱབ་སྟེ་སའི་གོ་ལའི་སྐྱེ་དངོས་དང་རི་དྭགས་གཅན་གཟན་ལ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་ཧ་ཅང་ནས་ཀྱང་གལ་ཆེའོ།།ད་དུང་འབྱོར་ཕྱུག་གི་ཆེད་དུ་རི་སློག་ཏུ་འཇུག་པ།འཚོ་ཚིས་ཀྱི་དོན་དུ་ཆུ་རྙོག་ཏུ་འཇུག་པ།མཐའ་དག་འུ་ཚོའི་འཚོ་ཚིས་ཀྱི་དོན་དུ་ལོས་ཡིན།ཡིན་ཡང་ཕྱིར་འདང་ཞིག་དང་རྒྱང་བལྟ་ཞིག་བྱོས་དང་།དེང་སྐབས་ནི་འབྱོར་འབྲིང་སྤྱི་ཚོགས་ལ་གོམ་པ་སྤོས་ཡོད་པས་རང་ངོས་ནས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་རི་དྭགས་སྲུང་སྐྱོབ་ས་ཚུགས་བཙུགས་ན་མི་ཆོག་གམ།དེ་ཡང་འཚོ་ཚིས་ཀྱི་བྱེད་ཐབས་ལེགས་ཤོས་ཤིག་མ་ཡིན་ནམ།

མཐར་དེད་ན་ང་ཚོའི་འཇིག་རྟེན་ཁམས་ལ་རོལ་མྱོང་ཞིག་བྱ་དགོས་ན་ཅི་ཞིག་བྱ་དགོས།གང་ཞིག་ནས་མགོ་བཟུང་སྟེ་རང་བྱུང་ཁམས་ཆེན་པོ་འདིའི་གསང་བ་དང་ཡང་སྙིང་འཚོལ་དགོས།བྱེད་ཐབས་མང་ཤོས་ཤིག་དེང་སྐབས་མིག་མཐོང་ལག་ཟིན་ཡིན་ལ་ད་དུང་བྱེད་ཐབས་མང་ཤོས་ཤིག་སུས་ཀྱང་མ་རྙེད་པར་གསང་བ་རུ་གྲུབ་ནས་ཡོད་ངེས།འོ་ན་ང་ཚོ་གསང་བ་དེའི་ཐག་ཉེ་རུ་གཅར་དགོས་ན་ཅི་ཞིག་བྱ་དགོས།གསང་བ་དེ་དག་འཇིག་རྟེན་ཁམས་ཆེན་པོ་འདིར་རོལ་མྱོང་བྱེད་པའི་ཐབས་ལམ་དུ་བསྒྱུར་དགོས་ཚེ་ཅི་ཞིག་བྱ་དགོས།ད་དུང་ས་བསློག་དང་རི་དྭགས་བརྔོན་དགོས་སམ།རང་རང་གི་ངོས་ནས་རང་རང་ལ་དྲི་གཞི་རེ་འཚོལ་དང་།དོན་དངོས་སུ་རང་བྱུང་ཁམས་ཆེན་པོ་འདི་ཅི་ལྟ་བུ་ཞིག་རེད།རང་བྱུང་ཁམས་ཆེན་པོ་འདིའི་ང་ཚོ་ལ་མཁོ་སྤྲོད་བྱས་པ་མང་དྲགས་ནའང་འུ་ཚོས་རང་བྱུང་ཁམས་ལ་འཇོན་ནུས་བཏོན་པ་ཉུང་དྲགས་སོང་།དེ་བས་འུ་ཚོའི་དོན་དངོས་སུ་ཅི་ཞིག་འཚོལ་རྗེས་ད་གཟོད་འཇིག་རྟེན་ཁམས་ཆེན་པོ་འདིར་རོལ་མྱོང་དང་རང་ངོས་ནས་འཇོན་ནུས་ཕྱིར་འདོན་ནུས་སམ།།



  • ལེ་ཚན་སྔོན་མ།:ཆང་ཕོར་ནང་གི་དྲན་སྣང་ལྡབ་ལྡིབ།
  • ལེ་ཚན་རྗེས་མ།:ཕ་བུ་གཉིས་གནས་མཇལ་དུ་འགྲོ་བའི་གཏམ།