ཟོག་རྫིའི་ཟིན་ཐོ།

པ་སངས་སྒྲོལ་མ།        2021-05-14

ཕྱི་དྲོ་རིང་མོ་ཞིག་བྲེལ་འཚུབ་འཚུབ་ཀྱིས་ཕར་བུད་སོང་། དཔེ་ཆར་ལྟ་འདོད་ཀྱང་ལྟ་ཐུབ་ཀྱིན་མི་འདུག ཕྱི་རོལ་ཏུ་ཕྱིན་ནས་ཨ་མ་དང་ནུ་བོ་གཉིས་ལ་བརྙན་བཀར་ནས་ཁ་བརྡ་བྱས། ཕ་མ་དང་ཕ་ཡུལ་ནི་ནམ་ཡིན་ཡང་སེམས་ཤུགས་སྩོལ་བྱེད་འབའ་ཞིག་ཏུ་འདུག ས་ཐག་རིང་པོར་ཡོད་ན་ལྷག་ཏུ་དེ་འདྲ་རེད། སྔོན་མར། ཕ་ཡུལ་ནི་ཧ་ཅང་ཆུང་བར་སྣང་མོད། ད་ལྟ་ཕ་ཡུལ་ནི་ཧ་ཅང་ཆེ་བར་སྣང་། སྔོན་མར། ས་ཐག་རིང་པོའི་ཡུལ་ལ་སྐྱིད་སྣང་སྐྱེས་མྱོང་། ད་ལྟ། ས་ཐག་རིང་པོར་ཡོད་རུང་སེམས་པ་ནམ་ཡང་ཕ་ཡུལ་གྱི་ཕྱོགས་སུ་སྙེག་བཞིན་འདུག ནམ་ཞིག་ནས་བཟུང་། ཕ་ཡུལ་དང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་བ་ཡིན་ནམ།

ཆུང་དུས་རྫི་བོ་བྱེད་སའི་རི་བོ་དེ་དག་ཡང་དང་བསྐྱར་དུ་སེམས་སུ་ཤར། དེ་དུས་ཟོག་ཚང་མ་མ་བགྲོས་རང་མཐུན་གྱིས་ཁྱུ་གཉིས་བྱས་ཏེ་ཁྱུ་གཅིག་ཉིན་ངོས་ལ་འགྲོ། ཁྱུ་གཅིག་སྲིབ་ངོས་སུ་འགྲོ། ད་ལྟ་ཕྱིར་འདང་ཞིག་རྒྱག་དུས་ཡིད་སྐྱོ་བ་ཞིག་ནི། དེ་དུས་ནས་བཟུང་ང་ལ་ཆུང་གྲོགས་ཟེར་བ་ཞིག་མེད་པ་དེ་རེད། ངའི་རྫི་རོགས་ཚང་མ་ནི་ཁྱིམ་ཚང་སོ་སོའི་ཁྱིམ་བདག་མ་ཡིན། ཁོ་ཚོ་ང་ལ་ཀུ་རེ་རྩེ་བར་དགའ་པོ་ཡོད། ཁོ་ཚོས་ནམ་རྒྱུན་བྱིས་པ་ཆུང་ཆུང་ཚོ་ཚེགས་ཡང་ཡིན་ཟེར་ནས་ང་ཉིན་ངོས་ཀྱི་ཟོག་འདེད་སར་མངགས་པ་དང་། དེ་ནས་སྲིབ་ངོས་ཀྱི་ཟོག་དེ་དག་འདེད་ས་ལ་མངགས། མཚམས་ལན་རེར་ཁོ་ཚོས་ཅི་མི་སྙམ་པར་ང་ནི་རི་གང་མཐོ་ན་དེ་རུ་མངགས་ནས། ཁོ་རང་ཚོ་ཕྱོགས་གཞན་དུ་འགྲོ་བ་རེད། ང་ནམ་རྒྱུན་ཕྱི་དྲོའི་དུས་ཚོད་གསུམ་པ་དང་བཞི་པའི་ཐོག་ནས་ལུང་པའི་ནང་ལ་འགྲོ་མགོ་བརྩམ་དགོས། དུས་ཚོད་ཡུན་རིང་ཞིག་འགོར་ནས་རི་མགོའི་ཟོག་རྣམས་མར་རི་གཤམ་དུ་ཕབ་དུས། རྒན་མོ་རྣམས་ཀྱང་དུས་ཀྱི་རྔ་མ་ལ་འཇུས་པ་ནང་བཞིན་ཏག་ཏག་སླེབས་ཡོང་བ་རེད། ད་ནི་ཆེས་ཡག་ཤོས་རེད། ཁོ་ཚོས་དེ་རུ་ཟོག་འཚོས་ནས་བསྡད་ཆོག་རེད། ང་ནི་མུ་མཐུད་དུ་ཕྱོགས་གཞན་གྱི་ཟོག་རྣམས་ཀྱི་རྗེས་སུ་འགྲོ་དགོས་རེད། ང་རི་ལ་འགོས་ནས་ཅུང་ཙམ་འགོར་རྗེས། ཁོ་ཚོའི་སྙན་འཇེབས་ལྡན་པའི་འཛེར་སྒྲ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མཆེད་བྱུང་། འདྲེ་རྒན་མོ་དེ་ཚོས་དེ་རིང་ཡང་ཁྱིམ་ཚང་གང་གི་དགོད་བྲོ་བའི་ལོ་རབས་བཤད་བཞིན་ཡོད་དམ། ཧབ་ཆ་ཆེ་དྲགས་པས་བྲག་སྐད་ཡང་ཡང་གྲག་བྱུང་། ད་དུང་། ཁོ་ཚོས་ངའི་དོར་མ་འཕུད་གྲབས་བྱས་པའི་དོན་དག་དེ་ཁ་སང་བྱུང་བ་ནང་བཞིན་ངའི་སེམས་སུ་ད་དུང་ཤར་ཡོང་། རྒན་མོ་བསྟན་བཤིག་དེ་ཚོ། དུས་སྐབས་དེ་དག་ནི། རྣམ་གཡེང་གིས་ཕར་འདས་པའི་ལོ་ཟླ་ཞིག་ཡིན་ལ། ང་ཁེར་མ་ལ་དབང་བའི་ལོ་ཟླ་ཞིག་ཀྱང་ཡིན། དེར་ཡོད་ཀྱི་རི་ཀླུང་ཐང་གསུམ་ནི་ངའི་རྩེད་གྲོགས་ཡིན་ལ་ང་ཁེར་མ་ཡིན་པའི་དཔང་རྟགས་ཀྱང་ཡིན།

ཟོག་རྫི་བྱེད་སྐབས་ཆེས་བརྗེད་པར་དཀའ་བ་ནི། ཟོག་འགའ་ཤས་ལམ་ལོག་ཏུ་འགྲོ་བ་དེ་རེད། ཁོ་ཚོ་རང་གི་བསམ་ཚུལ་ལྟར་རྩྭ་ཆུ་འཛོམས་སར་འགྲོ་བས་ཇི་ལྟར་བཙལ་རུང་བཙལ་རྒྱུ་མི་རག ང་ནི་ཁོང་རྣམ་པའི་རྨིག་རྗེས་དེད་ནས་བཙལ་ཏུ་འགྲོ་དགོས། མཚམས་མཚམས་སུ་བཙལ་ན་རྙེད་སླ་ལ། མཚམས་མཚམས་སུ་བཙལ་རྒྱུ་ཧ་ཅང་དཀའ། ལྷག་ཏུ་ཆར་བ་བབས་ན་དེ་ལས་ཀྱང་དཀའ་སྟེ། ཆར་བ་ཟམ་ཟིམ་དང་འགྲོགས་ནས་སེམས་པ་དང་མིག་ཟུང་ཡང་རབ་རིབ་ཏུ་གྱུར་འགྲོ།རི་ལུང་པའི་བར་ལ་སྨུག་པས་གཡོག ལམ་སྐྱ་མོ་རབ་རིབ་མག་མོག་གྱུར། ནགས་ཚལ་གྱི་ནང་ནས་ཟོག་གཅིག་བཙལ་རྒྱུ་ཧ་ཅང་དཀའ། ཡུན་རིང་ཞིག་ལ་བཙལ་ཀྱང་མ་རྙེད་ན་མིག་ཆུ་ཡང་རང་དབང་མེད་པར་ཤོར་ཡོང་། དྲང་མོར་བཤད་ན་ཆར་བ་འབབ་དུས་ཟོག་བོར་ན་ལྷག་ཏུ་ངུ་སྐྱེན་པ་ཞིག་ཡིན། ངུ་བཞིན་འཚོལ་བཞིན་གློ་བུར་དུ་ཟོག་རྣམས་ནགས་ཚལ་གྱི་སྲུབས་ན་མགོ་བསྒུར་ཞིང་སྡུག་རུས་ཀྱིས་རྩྭ་ལ་རོལ་ཀྱིན་པ་མཐོང་ཡོང་དུས་བགད་རྒྱུ་ཡོང་ལ། ངུ་རྒྱུའང་ཡོང་། ཟོག་རྣམས་ཀྱིས་གློ་བུར་དུ་མིག་མདངས་ཆར་ཆུ་དང་འདྲེས་ནས་ཡ་མཚན་གྱི་རྣམ་འགྱུར་ཞིག་གིས་ཚུར་ལ་ལྟ་བ་རེད། ཡིན་ཡང་སྐར་ཆ་གཅིག་གཉིས་ཙམ་ལས་འགོར་མི་དགོས། ངོ་ཤེས་ཤིག་ཡིན་པ་རྟོགས་པ་ལྟར་དེ་མ་ཐག་ཏུ་མགོ་བསྒུར་ནས་རྩྭ་ལ་འཇུ་བ་རེད། དེ་ནི་དཀའ་ཚེགས་ཆེ་ཞིང་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་སྟེ། ཟོག་དེད་ནས་ཡུལ་ལ་སོང་ན་ཉིན་གང་གི་ཟོག་རྫིའི་བྱ་བ་ལེགས་པར་གྲུབ་པ་ཡིན། ང་རང་གཅིག་པུར་ལུང་སྟོང་དུ་འགྲོ་བར་སྐྲག་མི་ཤེས་མོད། ལུང་པའི་ནང་དུ་ནམ་རྒྱུན་ཕག་རྒོད་གཉིས་ཡོད་པས། དེ་ལ་ཐུག་རྒྱུ་རེད་བསམ་ནས་སྐྲག་སྣང་སྐྱེས་མྱོང་།

ཡང་མཚམས་ལན་རེར་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡང་ཡོད་སྲིད་དེ། ཟོག་དེ་དག་ཇི་ལྟར་བཙལ་རུང་བཙལ་ནས་མི་རྙེད་སྟབས། འུ་ཐུག་ནས་ཡུལ་ལ་ལོག་པ་ལས་ཐབས་གཞན་མེད། ལམ་བར་དུ་ཡུལ་ལ་ཐོན་ན་ཨ་མས་གཤེ་གཤེ་གཏོང་བར་སེམས་ནས་གྲ་སྒྲིག་བྱ་དགོས། ཨ་མས་ང་རང་ལ་ཁག་མི་འདུག་བསམས་ན་གཤེ་གཤེ་མི་གཏོང་མོད། སྐབས་མང་པོ་ཞིག་ལ་གཤེ་གཤེ་མྱོང་དགོས། ཡུལ་ལ་ཐོན་དུས་ཕལ་ཆེར་དགོང་མོ་ཡིན་པས་ཨ་མས་སྡེ་བའི་ནང་གི་རྒན་མོ་རྣམས་བོས་ཤིང་ལག་ཁྱེར་གློག་ཞུ་ཁྱེར་ནས་ཟོག་བཙལ་བའི་ལམ་ལ་ཆས་པ་རེད། ཁོ་ཚོ་སོང་རྗེས་ངས་ཁང་པའི་སྐར་ཁུང་ནང་ནས་བལྟས་བསྡད་པ་ཡིན། ཡུན་རིང་ཞིག་འགོར་རྗེས་ལུང་པའི་ཕུ་ནས་གློག་རབ་རིབ་ཅིག་མཐོང་དུས། སེམས་སུ་ལྷད་མེད་ཀྱི་དགའ་བ་ཞིག་སྐྱེས་ཡོང་། ཡང་ཟོག་རྙེད་མེད་བསམས་ན་དགའ་བ་དེ་མེད་པར་འགྱུར་པ་དང་། གློ་བུར་དུ་སེམས་པ་ལྗིད་ཏིག་གེར་ལོག་འགྲོ།

ད་སྐབས། དབྱར་གནང་དང་དགུན་གནང་གི་སྐབས་སུ་ཟོག་རྫི་ལ་འགྲོ་བསམ་རུང་འགྲོ་ས་མེད། གཅིག་ནས་ཟོག་གི་གྲངས་ཀ་ཇེ་ཉུང་དུ་སོང་བ་དང་། གཉིས་ནས་ཟོག་རྣམས་རི་མགོར་འགོ་མི་ཐུབ་པར་ལོག་པའམ་སྒྱིད་ལུག་ཏུ་གྱུར་བ་གང་ཡིན་མིན་ཧ་གོ་མ་སོང་། ཕལ་ཆེར་ཨ་མས་ཉིན་རེའི་ཕྱི་དྲོ་ལ་ཁོང་རྣམ་པར་གཟན་ཆས་མང་པོ་ཞིག་བྱིན་པའི་རྐྱེན་ཨེ་ཡིན་ནམ་སྙམ། ཆུང་དུས་ཁོ་ཚོ་རི་མགོར་མི་འགྲོ་བའི་ཉི་མ་གཅིག་ཀྱང་མེད་མོད། ད་ནི་རི་མགོར་འགྲོ་བའི་ཉི་མ་གཅིག་ཀྱང་མེད། ཁོ་ཚོ་ལོ་ན་རྒས་སོང་བ་འདྲ། ང་ཡང་ཁོ་ཚོ་དང་མཉམ་དུ་རྒས་སོང་བ་འདྲ། ཡང་འདང་ཞིག་བརྒྱབ་ན། ལོ་མང་པོར་ཁྱིམ་ཚང་ལ་དཀར་ཆུའི་བྱས་རྗེས་བཞག་རྗེས་རྒས་འཁོགས་མི་རེད་ས་གང་ན་ཡོད་ཨང་། ངེད་ཚང་གི་མགོ་ཁྲ་ནི་སྡེ་བའི་ནང་གི་ཟོག་རྣམས་ལས་ཆེས་མཛེས་ཤོས་དེ་ཡིན། མོ་ནི་ཟོག་རྣམས་ཀྱི་ནང་ནས་ངའི་སེམས་ཀྱི་མཛེས་མ་ཨང་དང་པོ་དེ་ཡིན།

མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་ནས་ཁྱིམ་ཚང་གང་བོ་ཨ་མའི་ཕ་ཡུལ་དུ་སྤར། དེ་ནས་བཟུང་ཆུང་དུས་ནས་ནར་སོན་པའི་ཕ་ཡུལ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་། ཕ་ཡུལ་ནི་སྔར་བཞིན་དེ་རུ་ཡོད་མོད། ང་ནི་ཕ་ཡུལ་དང་ཐག་ཇེ་རིང་དུ་གྱུར་དང་འགྱུར་བཞིན་འདུག། ཐེངས་མང་པོ་ཞིག་ལ་ཆུང་དུས་སུ་ཟོག་རྫི་དང་། སིལ་འབྲུ་སོགས་འཐུ་རུ་སོང་བའི་དོན་དག་དེ་དག་རྨི་ལམ་དུ་འཁོར་བྱུང་། ཟོག་རྣམས་ཀྱིས་དགོང་མོར་སྒོ་རའི་ནང་དུ་གཅིན་གཏོང་དུས། ངས་ཀྱང་རྨི་ལམ་དུ་ང་རང་སྤྱོད་ཁང་དུ་གཅིན་གཏོང་བ་རྨིས་ཏེ། ཉལ་ཁྲིའི་ནང་དུ་གཅིན་པ་ཐེངས་མང་པོར་བཏང་མྱོང་། དོན་དག་དེ་དག་ད་ནི་རྨི་ལམ་དུ་མ་གཏོགས་མངོན་སུམ་དུ་འབྱུང་ཐབས་མི་འདུག་ལ། ང་རང་ཟོག་རྫི་རྒན་མོ་རྣམས་དང་ཐུག་པའི་གོ་སྐབས་ཀྱང་མེད་པར་གྱུར་སོང་མོད། ཁོ་ཚོ་ཕལ་ཆེར་ད་ལྟ་ཡང་མཉམ་དུ་དགོད་ཞོར་རྩེད་ཞོར་དུ་ཟོག་རྫི་ལ་འགྲོ་བཞིན་ཡོད་པ་འདྲ།

  • ལེ་ཚན་སྔོན་མ།:ཕ་བུ་གཉིས་གནས་མཇལ་དུ་འགྲོ་བའི་གཏམ།
  • ལེ་ཚན་རྗེས་མ།:ང་རང་སློབ་མ་ཡིན་པའི་གཏམ་རྒྱུད།