ཕ་ཡུལ། ཕ་ཡུལ།ཕ་ཡུལ།

སད་མི།        2021-05-17

དབྱར་ཁའི་ཉི་མ་ཚ། ངོ་གདོང་ནག་རོག་གེར་གྱུར། བསིལ་རླུང་དལ་བུར་ལྡང་ཡང་ཚ་དྲོད་རྒྱས། ཉི་ནུབ་ལ་རེ་སྒུག་བྱས་ཀྱང་དུས་ཚོད་དལ། ང་ནི་ཉི་འོད་ཀྱིས་མནར་བའི་གཅེར་བུ་ཞིག་ཡིན་ནམ་སྙམ། བས་མཐའ་ནི་ཕ་ཡུལ་དང་འདྲ་བར་ཡུན་རིང་བསྡད་ཅིང་འདྲིས་པ་བྱས། ཡུན་རིང་པོར་འདྲིས་པ་བྱས་ཀྱང་ཕ་ཡུལ་གྱི་དོ་ཟླ་མ་བྱུང་སྟེ། སེམས་ཀྱི་བག་ཆགས་དང་། གཉུག་མའི་གཤིས་ཀ། ལྷན་སྐྱེས་ཀྱི་དགའ་ཕྱོགས་བཅས་ཀྱིས་སྟངས་འཛིན་གཞན་ཞིག་བཟོས་ཡོད་པར་ཐག་གིས་ཆོད།

ཕ་ཡུལ་ནི་རི་མཐོ་ས་གཙང་དང་། ནགས་ཀླུང་སྙོམ་ལྡན་གྱི་ཡིད་གར་འཕྲོད་པ་ཞིག་ཡིན། སྤང་ཐང་ནི་མེ་ཏོག་གིས་ཁེབས་ཤིང་། མེ་ཏོག་ནི་ཚོན་མདོག་གིས་ཡོངས་སུ་བཏུམས་ཡོད། མ་ཟད་རི་གཤོང་རི་འདབས་ཀྱི་ཆགས་ཚུལ་ལ་ཧ་ཅང་རྒྱུས་ལོན་མངའ་བའི་ང་རང་། སེམས་ངལ་གྱིས་དུབ་པར་གྱུར་ཅིང་། ལུས་སེམས་གཉིས་ཀ་དུབ་དུབ་པོར་གྱུར། དེ་ནི་དྲན་གདུང་ལས་བྱུང་ཞིང་། དྲན་གདུང་དེའང་ཕ་ཡུལ་གྱིས་ང་ལ་བཞག་པ་འདྲ།

ད་དུང་། རྡེའུ་ཆུང་ཆུང་ལས་གྲུབ་པའི་རྩེད་ར། འཁྱར་མ་འཁྱོར་གྱི་ཁང་ཆུང་། དགའ་སྐྱོ་གཉིས་ཆར་གྱི་རྫི་ཇ། ངུ་སྐྱེན་ལ་དགོད་སྐྱེན་པའི་གློ་བུར་གྱི་འཚོ་བ། འཁྱག་ལྟོགས་སྐོམ་གསུམ་གྱི་མྱོང་བ། ཅུང་ཟད་རང་ལ་ཕྱོགས་པའི་རྒྱགས་ཕྱེ། འཛིན་པར་དགའ་བའི་གསེར་ཉ། གསོད་པར་དགའ་བའི་བྱ་ཁྱུ། སྤར་འཛིང་བྱེད་པའི་གྲོགས་པོ། སྙིང་ཉེ་བའི་ནུ་མོ། འདི་དག་ནི་དྲན་ཤིང་ལ་འབྱར་བའི་ཁྲག་ཐིགས་ཤིག་སྟེ། རི་ལུང་གི་བར་ཐག་རིང་དུ་གྱེས་ཀྱང་། གཟུགས་མེད་ཀྱི་བསམ་པའི་ནང་ལོགས་ནས་ཕྱིར་སྐྲོད་ཐབས་མེད་པར་ཀུན་གཞི་ལ་འཐིམས་ཡོད།

ལོ་ངོ་འདི་དག་གི་རིང་ལ་ཕ་ཡུལ་དུ་འགྲོ་ཐབས་མ་བྱུང་། དེ་རིང་གློ་བུར་དུ་ཕ་ཡུལ་དྲན་བྱུང་། དྲན་པ་དེའང་ཕ་ཡུལ་གྱིས་བཞག་པ་འདྲ། ཡང་ན་ཕ་ཡུལ་གྱིས་བསྐུར་བ་འདྲ། གང་ལྟར་ཕ་ཡུལ་ནི་ཆེས་རྒྱང་རིང་དུ་ཡོད་ཅིང་། ཆེས་སེམས་ཀྱི་ཉེ་སར་གནས་འཆའ་ཡོད།

  • ལེ་ཚན་སྔོན་མ།:ང་རང་སློབ་མ་ཡིན་པའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:སྔ་གཞུག་གི་མི།