བདག་ཉིད་བདག་གི་མགོན་ཡིན།

དཀོན་མཆོག་དཔལ་གྱིས་བསྒྱུར།        2020-11-27

   

བདག་ཉིད་བདག་གི་མགོན་ཡིན།

  སྐྱེས་བུ་སུ་ཞིག་ཡིན་ཀྱང་། སློབ་སྦྱོང་དང་འཚོ་བ། བརྩེ་དུང་སོགས་ཀྱི་དབང་གིས་སོ་སོའི་སེམས་སུ་སྨྲ་བར་མི་ཐོགས་པའི་སྡིག་ཡུས་རུམ་གང་རེ་ཡོད་མོད། དོན་དུ་སྡུག་བསྔལ་གཞན་གྱིས་བྱིན་མིན་ཏེ།།རང་གི་སེམས་ཉིད་ཁོ་ནས་བསྐྱེད་པས་སོ།།ཞེས་ཀུན་དང་མཚུངས་པའི་མི་ཚེར་གཞན་དང་མི་མཐུན་པའི་སེམས་ཁམས་ཀྱིས་འཇིག་རྟེན་བྱ་དངོས་ལ་བལྟས་པའི་མཐོང་སྣང་གི་ཟུར་ཚད་ཡེ་ནས་འདྲ་བ་མི་སྲིད་དེ། སྙིང་ལ་ཉི་འོད་འཁྱིལ་བའི་མི་ནི། བག་ཡོད་དང་འདོད་ཆུང་ཆོག་ཤེས། འཚོ་བ་བག་དྲོ་ལ་བདེ་སྐྱིད་ཅན་གྱི་མི་ཡིན། དགའ་བྲོད་ཀྱིས་ཀུན་ནས་ཕྱུག་པའི་སེམས་ཁམས་ཀྱིས། གནད་དོན་དང་དཀའ་ངལ་སོགས་ཀྱི་མདུན་ནས་བསམ་གཞིག་གོམས་ལོབས་ཅན(惯性思维)གྱི་ལྕགས་སྒྲོག་གཏོར་ཏེ།རང་ཉིད་ལ་ཕན་གོ་ཆོད་པའི་ཕྱོགས་སུ་བསམ་བློ་གཏོང་བ་དང་། འཇིག་རྟེན་གྱི་ཐོབ་ཤོར་དང་ནང་སེམས་ཀྱི་ཆེས་ཟབ་སའི་རེ་དོགས་ཀྱི་འཆིང་རྒྱ་ལས་རིང་དུ་བརྒལ་ཏེ།བློ་བདེ་ཞེ་ལྷོད་དང་ཁེ་གྲགས་བཏང་སྙོམས་སྒོས།སྐྱེས་པ་དོན་དང་ལྡན་པར་བྱེད། ལྡོག་སྟེ་སྨྲ་མེད་ཁེར་སྡོད་ལ་དགའ་བའི་སེམས་ཁམས་ཅན་གྱི་མིས། རྟག་པར་འཚོ་བ་དང་མི་ཚེར་ཡུས་བཤད་ངུ་བཤད་བྱེད་ཅིང་། རང་ཉིད་སྒྲོག་འཆིང་བརྒྱབ་པའི་རྣམ་པར་བཅུག་སྟེ་རང་ཉིད་ཀྱི་སྦས་ནུས(潜能)ཚོད་འཛིན་དང་རྩ་མེད་བཟོ་བ་རེད།

     ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། སྐྱེ་བོ་གང་མང་ཞིག་འཁྱོངས་མ་ཐུབ་དོན་ནི་འཇོན་ཐང་མེད་པ་དང་རླུང་རྟ་མ་རྒྱུག་པ་མིན་གྱི། དེ་ནི་མི་ཚེའི་བགྲོད་ལམ་དུ་དགའ་བྲོད་ཀྱི་སེམས་རྩ་མ་བརྟན་པས། མཐའ་གཞུག་དོན་རབ་འཁྱོངས་པའི་གདན་སར་རེག་མ་ཐུབ་པ་རེད། དེ་བས་ཁོ་ཚོ་འགྲན་རྩོད་ལས་ཕམ་དོན་ནི་སེམས་ཁམས་ལ་ཐུག་ནས་ཡོད།

       སེམས་ཁམས་གལ་ཆེ་ཚུལ་གྱི་སྐོར་དུ་ནཱ་ཕོ་ལོན་ཧེལ(拿破仑·希尔)གྱི་ཞལ་ནས། “མི་དང་མི་ལ་ཁྱད་པར་ཆེན་པོ་མེད། འོན་ཀྱང་དེ་འདྲའི་ཁྱད་པར་ཤིན་ཏུ་ཆུང་བ་ཞིག་གིས་མཐར་གནམ་སའི་ཁྱད་པར་ཤོར་བ་ལགས། དེ་ནི་ང་ཚོའི་རང་རྒྱུད་དུ་མངའ་བའི་དགའ་བྲོད་ཀྱི་སེམས་པ(积极的心态)དང་སྐྱོ་ཞུམ་ཅན་ཀྱི་སེམས་པ (消极的心态)དེ་གཉིས་ཡིན། དེས་རྒྱལ་ཕམ་ལ་སྟངས་འཛིན་བྱེད་པས། སྐྱེ་བོ་ཞིག་གི་སེམས་འཕང་མཐོ་དམས་གང་དེའི་མི་ཚེའི་ལས་དབང་ལའང་འགྱུར་བ་གཏང་འགྲོ”ཞེས་སྨྲས་པ་རེད།”

     ཧ་ཝར་ཊི་གཙུག་ལག་སློབ་ཆེན་དུ། གཙང་མཁས་གཞན་ལ་ཕན་པར་འདོད་པའི་བཤེས་གཉེན་གྱི་མཚན་ཉིད་ཚང་བའི་དགེ་རྒན་ཆེན་མོ་ཞིག་བཞུགས། ཁོང་ལ་སློབ་ཁྲིད་ཀྱི་སྐབས་སུ་བལྟས་ཚོད་ཀྱིས་སླ་ཞིང་སྦས་དོན་ཟབ་པའི་དྲི་བ་འདྲི་བར་དགའ་བའི་གོམས་གཤིས་ཤིག་ཡོད།

      ཉིན་ཞིག་གི་སློབ་ཁྲིད་ཀྱི་སྐབས་སུ། དགེ་རྒན་གྱིས་སློར་མ་ཚོར་འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་དེ་གང་རེད་ཅེས་དྲིས། སློབ་མ་ཚོས་འདི་འདྲའི་སྤྱིར་བཏང་གི་དྲི་བ་ལ་སྤྲོ་བ་མེད་སྣང་གིས་ཇོ་མོ་གླང་མ་རེད་ཅེས་ལན་བཏབ།

དེས་ན་འཛམ་གླིང་སྟེང་གི་རི་མཐོན་པོ་ཨང་གཉིས་པ་གང་ཡིན་སུས་ཤེས་ཞེས་མུ་མཐུད་དུ་དྲིས།

     དེར་ལན་འདེབས་མཁན་གྱི་སློབ་མ་གཅིག་ཀྱང་མ་བྱུང་། སློབ་མ་ཚོའི་སྣང་ངོར་ཤེས་བྱ་དེར་བག་ཆགས་ཙམ་ཡང་མེད་པས་ཚང་མ་འཇམ་ཅག་གེར་གྱུར།

     དགེ་རྒན་གྱིས་ད་དུང་མུ་མཐུད་དུ་འདྲི་རྒྱུར། མཁའ་དབྱིངས་སུ་སྐྱོད་མཁན་ཐོག་མ་སུ་ཡིན་ནམ།

     ཡང་ལན་འདེབས་མཁན་གཅིག་ཀྱང་མ་བྱུང་། དེ་ནི་ཁོ་ཚོས་དྲིས་ལན་མ་ཤེས་པ་མ་ཡིན་ཏེ། དགེ་རྒན་གྱིས་དྲི་བ་རྗེས་མ་ནི་མཁའ་དབྱིངས་སུ་སྐྱོད་མཁན་ཨང་གཉིས་པ་སུ་ཡིན་འདྲི་རྒྱུ་ཡིན་པ་ཧ་གོ་ཞིང་། དེའི་ལན་མ་ཤེས་པས་ཡིན།

     སྐབས་དེར། དགེ་རྒན་ཕར་འཁོར་ཏེ་སྒོ་སམ་དུ་ཡིག་ཕྲེང་གཅིག་ཤར་མར་བྲིས་པ་འདི་ལྟ་སྟེ། “ཨང་རིམ་གཉིས་པར་ལྷུང་བ་ནི་མཚན་སྙན་ཅི་ཡང་མེད་པ་དང་མཚུངས་སོ།།”

      དགེ་རྒན་གྱིས་སློབ་མ་ཚོར་ཁོས་སྔར་ཚོད་ལྟ་བྱས་མྱོང་པའི་གཏམ་རྒྱུད་ཅིག་བཤད། མི་ལོ་བཅུ་གཉིས་ཀྱི་གོང་རོལ་དུ། ངས་རང་གི་སློབ་མ་ཚོ་ཚོགས་ཁང་ཆེན་མོ་ཞིག་ཏུ་མངགས་ནས་རང་འདོད་ལྟར་འདུག་ཏུ་བཅུག དེ་ལྟར་ཐེངས་འགའ་བརྒྱུད། སློབ་མ་ལ་ལ་ནི་རྟག་ཏུ་མདུན་གྲལ་དུ་བསྡད་ཡོད་པ་དང་། ལ་ལ་ནི་ཅི་འདོད་ཀྱིས་འདུག་ས་གང་ཡོད་དུ་འདུག་པ་དང་། ལ་ལ་ནི་ནམ་རྒྱུན་རྗེས་ལ་བསྡད་པར་ལོབས་ཡོད་པ་རྒན་ལགས་ཀྱིས་རྟོགས། དེ་ནས་རེ་རེ་བཞིན་དུ་ཁོ་ཚོའི་མིང་རྟགས་གསལ་བོར་བཀོད། མི་ལོ་བཅུ་ཡི་རྗེས་སུ། དགེ་རྒན་གྱིས་རྩད་གཅོད་བྱས་པའི་འབྲས་བུ་ལས། ནམ་རྒྱུན་སྔོན་དུ་སྡོད་པར་དགའ་བའི་སློབ་གྲོགས་དག་ལས་དོན་རབ་འཁྱོངས་པའི་སྡུར་ཚད་ནི། གང་ཡིན་སར་འདུག་པ་དང་རྗེས་ལ་འདུག་པར་ལོབས་པའི་སློབ་མ་དག་ལས་ཤིན་ཏུ་མང་བར་མཐོང་ངོ་། །

     མཇུག་མཐར། དགེ་རྒན་ཆེན་མོ་དེས་གཟབ་ནན་གྱིས་གསུངས་དོན། “ནམ་རྒྱུན་ངེས་པར་དུ་སྔོན་དུ་འདུག་པ་དང་ཨང་དང་པོ་ཡིན་དགོས་ཞེས་པ་མ་ཡིན་མོད།དགའ་བ་དང་བྲོད་པའི་སེམས་ཁམས་ནི་ཤིན་ཏུ་གལ་ཆེ། མི་ཚེའི་བགྲོད་ལམ་རིང་མོ་འདིར། སྤོབས་པ་ཆེན་པོས་ཨང་དང་པོ་རྩོད། སྤྲོ་བ་ཆེན་པོས་མདུན་གྲལ་དུ་སྡོད།”ཅེས་གསུངས།

     དགེ་རྒན་ཆེན་མོ་དེའི་གསུང་གི་གཟི་བྱིན་གྱིས། ཁྲིད་སྟེགས་མདུན་གྱི་སློབ་མ་ཚང་མ་བསམ་གཞིགས་ཀྱི་ཀློང་དུ་ཁྲིད།

     གཏམ་རྒྱུད་འདིས་ང་ཚོར་དགའ་བྲོད་ཀྱི་སེམས་པ་ནི་ཧ་ཅང་གལ་ཆེ་བ་བསྟན་གྱི་ཡོད་ལ། དགའ་བྲོད་ཀྱི་སེམས་པས་རེ་བ་བསྩལ་ཅིང་བརྩོན་པའི་རྒྱུན་བསྲིང་བར་བྱེད། དགའ་བྲོད་ཀྱི་སྙིང་ཁམས་དང་། བག་དྲོ་བའི་སེམས་ཁམས། དཔའ་གདེང་གིས་ཕྱུག་པའི་སྤྲོ་སེམས་རྒྱུན་སྐྱོང་ནུས་ཚེ་ཀུན་ནས་རྣམ་པར་རྒྱལ་ངེས་ཡིན།

     འཇིག་རྟེན་དཀར་ངོགས་འདིར་རང་ཉིད་ཀྱི་མགོན་དུ་གྱུར་པ་རང་ཉིད་ཁོ་ན་ལགས་པས། ཁྱོད་ཀྱི་རྒྱལ་ཁ་དང་བདེ་ཐང་། བདེ་སྐྱིད། ལོངས་སྤྱོད་ཡོད་དོ་ཅོག་གི་འབྱུང་རྩ་ནི། རང་ཉིད་ཀྱི་བག་ལ་ཞ་བའི་དགོས་འདོད་ཀྱི་ནོར་བུ་ཀུན་འབྱུང་སྟེ། དགའ་བྲོད་ཀྱི་སེམས་པ་ལ་རག་ལས།

     དགའ་བྲོད་ཀྱི་སེམས་པ་ནི། འདོད་ཆུང་ཆོག་ཤེས་དང་།དྲིན་ཤེས་དྲིན་གཟོ། དགའ་བ་འབུམ་གྱིས་ཕྱུག་པའི་སེམས་ཁམས་ཤིག་དང་། བདེ་ཐང་གི་སེམས་ཁམས་ཤིག་ཡིན། དགའ་བྲོད་ཀྱི་སེམས་པས་ང་ཚོའི་སེམས་རྒྱུད་གཙང་མར་བཟོ་བ་དང་། མིའི་བར་གྱི་འབྲེལ་ལམ(人际关系)ཇེ་བཟང་དུ་གཏོང་བ། ཁོར་ཡུག་ལ་གོམས་པ། མི་གཞི་ཇེ་ལེགས་སུ་གཏོང་བར་ཕན་གོ་རབ་ཏུ་ཆེ། དགའ་བྲོད་ཀྱི་སེམས་རྩ་བརྟན་ན། ཞི་ཞིང་འཇམ་པ་དང་། བབས་ཆགས་ཤིང་ཐུགས་སྒམ་ལ། རང་རྟོན་ཕེར་ཞིང་བློ་བདེ་ཞེ་ལྷོད་ཡིན།

    དགའ་བྲོད་ཀྱི་སེམས་པ་ནི་སྙིང་སྟོབས་ཤིག་ཡིན། བརྒྱ་ལ་ཁྱོད་ཀྱི་སེམས་གཏིང་ནས་འཛུམ་དཀར་སོ་ཞོ་སྟོན་ནུས་ན། ཕམ་ཁ་དང་སྡུག་བསྔལ། གོ་འཛོལ་དང་འགལ་བ། སྐྱོ་གདུང་དང་སེམས་ཁྲལ་མཐའ་དག་ཆར་རྗེས་ཀྱི་འཇའ་ཚོན་ལས་མ་འདས།

ང་ཚོ་འཚོ་ཞིང་གནས་པ་ལ། དགའ་བྲོད་ཀྱི་སེམས་པ་དང་སྤྲོ་སྣང་གི་སེམས་ཁམས་ནི་ཅི་ནས་ཀྱང་མཁོ།

     དགའ་བྲོད་ཀྱི་སེམས་པ་ཅན་གྱི་མིས། ནམ་ཞར་རང་ཉིད་ལ་ཡིད་ཆེས་ཀྱི་སྲོག་ཟུངས་དྲག་ཏུ་བསྩལ་ཏེ། ཁོ་ཚོས་རང་གི་སྤྱོད་ལམ་ལས་གཞན་ལ། རང་རྟོན་ཡོད་དགོས་ཤིང་བདག་ཉིད་བདག་གི་མགོན་ཡིན་པའི་གནས་ལུགས་བསྟན།

     དགའ་བྲོད་ཀྱི་སེམས་པ་ཅན་གྱི་མིས། འདོད་ཆུང་ཆོག་ཤེས་བྱེད་ཅིང་། ད་གནས་ཀྱི་ཐོབ་བྱ་གཅེས་འཛིན་དང་གྲུབ་འབྲས་ལོངས་སུ་སྤྱོད་པར་བྱེད། མིག་ལ་མི་སྣང་བའི་སྦས་ནུས་སྔོག་འདོན་བྱས་ཏེ། འབྱུང་འགྱུར་གྱི་ལས་སྒོ་གསར་སྤེལ་དང་འཕེལ་རྒྱས་ལ་གར་སྟེགས་བསྐྲུན་པར་བྱེད། ཆོག་ཤེས་ཡོད་པའི་ཡ་ཁོག་དགའ་སྐྱིད་ཀྱིས་ཁེངས་ཡོད།

     དགའ་བྲོད་ཀྱི་སེམས་པ་ཅན་གྱི་མིས། མི་ཚེ་དང་འགྲན་སློང་ལ་སྤྲོ་བས་འཇུག་པར་བྱེད། དེ་ནི་ཁོ་ཚོས་མཁས་པ་སློབ་པའི་དུས་ན་སྡུག་ཀྱང་། ཧུར་གྱིས་འབད་འབུངས་བྱེད་པ་དང་། འཚོ་བའི་དཀའ་ཉེན་བགེགས་རིགས་ཅི་ལ་འཕྲད་ཀྱང་། སྡུག་གི་མགོ་བོ་བྲང་ཁར་མི་སྨད་པ། དཀའ་ངལ་ལ་སྡུག་བཤད་མུག་བཤད་མི་བྱེད་པར། སེམས་པ་རྣལ་དུ་ཕབ་ནས་བསམ་གཞིགས་ཀྱིས་རྩིས་ཟིན་པར་བྱས་ཏེ། བློ་བག་ལྷོད་ལྷོད་ཀྱིས་གདོང་གཏད་གྱུར་ན། ནམ་ཞིག་གི་ཚེ། བགེགས་ཚོགས་ཐམས་ཅད་དུད་སྤྲིན་ཇི་བཞིན་ཡལ་འགྲོ་བའི་བདེན་པ་གསལ་བོར་རྙེད་ཡོད།

      དགའ་བྲོད་ཀྱི་སེམས་པ་ཅན་གྱི་མིས། དྲིན་ཤེས་དྲིན་གཟོའི་བསམ་པས་སྐབས་བབ་ལ་བལྟ་ཞིང་། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་རང་གི་དྲིན་ཅན་དུ་མ་གྱུར་བ་མེད་པར་དམིགས་ནས། དྲིན་གཟོ་བ་དང་ནམ་ཞར་བརྗེད་པར་མི་འགྱུར་བར་མ་ཟད། བརྩོན་པ་ཧུར་གྱིས་སྐྱེད་པའི་སྙིང་ཁམས་ཀྱིས་མ་འོངས་པ་བསྐྲུན་པར་བྱེད།

     སྲོག་གི་རྒྱུན་ནི་ཆུ་མོ་དང་ཀུན་ནས་མཚུངས་ལ། ལོ་ཟླའི་ཐང་ཆེན་དུ་སྡོད་དུ་མེད་པར་བཞུར་ནས་འགྲོ། གལ་ཏེ་རང་གིས་བཞུར་ཕྱོགས་མ་བསྒྱུར་ན། དེ་ནི་ཆུ་སྣ་གར་ཁྲིད་བཞིན་དུ་རང་གིས་ཀྱང་གང་ཡིན་འདི་ཡིན་མི་ཤེས་པར་ཡལ་འགྲོ། བརྒྱ་ལ་ཁྱོད་ཀྱིས་ཡིད་ཀྱི་གཤིན་སར་རེ་བའི་ས་བོན་བཏབ་གྱུར་ན། མྱུ་གུ་མེད་པའི་གནས་ནི་ཡོད་མ་ཡིན། བརྒྱ་ལ་ང་ཚོའི་དགའ་བ་དང་བྲོད་པའི་སེམས་རྩ་མ་བརྟན་ན། སྐྱོ་ཞུམ་གྱི་སེམས་ཁམས་གང་དེས་མཐའ་གཞུག་ང་ཚོ་ཕམ་ལྟུང་གི་འདམ་དུ་འཕེན་སྲིད། ལང་ཚོ་དར་ལ་བབ་པའི(风华正茂)ང་ཚོ་ནི་མཛེས་སྡུག་གི་ཕོ་ཉ་དང་། དགའ་བྲོད་ཀྱི་སེམས་པ་ནི་ང་ཚོ་ཚང་མས་བསྙེག་བྱ་ཡིན།

     གལ་སྲིད་འཚོ་བའི་ཁྲོད་དུ། ང་ཚོའི་གཉོམ་དྲགས་པའི་སེམས་པ་འདི་སོམ་ཉིའི་དྲ་བར་ཚུད་ཅིང་། མགོན་མེད་སྐྱབས་མེད་དུ་གྱུར་ཚེ། འཕྲལ་དུ་ཕ་མ་དང་དགེ་རྒན། སློབ་གྲོགས་དག་ལ་སེམས་གཏམ་ཞུས་ཏེ་རོགས་བྱེད་དུ་འཇུག་པ་དང་། ཉིན་ཐོ་འབྲི་བ་དང་རང་ཉིད་ཀྱི་ཡར་སྐྱེད་ཟིན་ཐོར་འགོད་པ། ཡང་ན་སེམས་ཁ་གསོ་བའི་དཔེ་དེབ་ཀྱི་རིགས་བཀླགས་ཏེ་རང་ཉིད་ལ་ཅི་བྱེད་འདི་སྒྲུབ་མེད་པའི་ཁོམ་ལོང་མ་བྱིན་ན། སྐྱོ་གདུང་གི་སྣང་བ་ཡོད་མི་འགྱུར། བརྒྱ་ལ་ཁྱོད་ཀྱི་ནང་སེམས་མཐུ་སྟོབས་དང་ལྡན་པར་བྱས་ན། ནམ་ཞར་བདེ་དགའ་སྐྱིད་གསུམ་གྱི་ཉིན་མོ་ཁོ་ན་ཡིན། འདས་དོན་ལ་དམིགས་ནས་སྡུག་བསྔལ་མྱོང་བ་ལས། སྡུག་བསྔལ་ལས་གྲོལ་བར་བྱས་ནས་ནང་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པའི་འབྱུང་འགྱུར་ལ་བསྙེག་ན་ཅིས་མི་དགའ།

      འཚོ་བ་ནི་སྤྲོ་བས་ཕྱུག་ཅིང་གྱ་ནོམ་པ་དང་། ཡིད་རྟོན་གྱིས་ཁེངས་ཤིང་མཛེས་སྡུག་ལྡན་པས། ངར་སེམས་ཀྱིས་འབྱུང་འགྱུར་ལ་འོད་སྣང་སྟེར་ལ། སེམས་ཁམས་ཀྱིས་དེ་རིང་ལ་དོན་སྙིང་སྩོལ་བར་བྱེད། དེའི་སྟབས་ཀྱིས། དགའ་བའི་འཛུམ་དཀར་གྱིས་དཀྱེལ་ཡངས་ཀྱི་རོལ་མོ་དེ་དཀྲོལ་ནས། ཕམ་ལྟུང་ལ་གདོང་གཏད་དེ་བདེ་སྐྱིད་མགྲོན་དུ་བསུ་ཞིང་། ཁེར་རྐྱང་ཉམས་སུ་མྱངས་ཏེ་སྐྱོ་གདུང་མཐའ་དག་མཐའ་ལ་སྤུར། རྡུལ་གྱིས་ཁེངས་པའི་བློ་ཁོག་ཡངས་པོར་ཕྱེ་ཞིང་སྒེར་སེམས་ཐལ་དྲགས་ཀྱི་དམིགས་པ་མེད་པར་བཏང་ནས། རང་གི་སེམས་ཉིད་རང་དབང་གིས་མཁའ་ལ་འཕུར་དུ་བཅུག་ནས་བློ་ཁོག་མཐའ་རུ་རྒྱོངས། དེ་ལྟར་ནང་སེམས་ཀྱི་སྨག་ལ་དྲོད་འཇམ་གྱི་སྒྲོན་མེ་བཏེགས་ན། འཚོ་བའི་གྲུ་ཟུར་མཐའ་དག་ལ་དགའ་སྐྱིད་ཀྱི་དྲོད་འཁོལ་འཛོམས་པར་འགྱུར་རོ། །

 

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་ མཛེས་སྡུག
  • ལེ་ཚན་རྗེས་མ།:ཨ་མའི་སེམས་ཤུགས།