རྒྱང་བཞུད་ཀྱི་གྲོགས་པོ།

བྱ་མདོ་མར་ལོ།        2021-05-24

་་་་་་་་་་་་་་གྲོགས་འདས་པོsdདྲན་པ།

ད་ནི་སྤྱི་ལོ༢༠༢༠ལོའི་ཆེས་མཇུག་མཐའི་ཉིན་མོ་ནས་ཕྱིར་ལྡོག་གིས་བརྩིས་ན། སྤྱི་ལོ༢༠༡༩ལོའི་ཆེས་མཇུག་མཐའི་ཉིན་མོའི་ཆུ་ཚོད་བཅོ་བརྒྱད་པའི་སྟེང་གྲོགས་པོ་ཁོང་ཕྱི་འགྲིམ་སློབ་གཉེར་གྱི་གནས་སྐབས་རེ་ཞིག་རྫོགས་ཏེ་ཕྱི་སོག་གི་རྒྱལ་ས་ཝོའུ་ལན་པ་ཐོ་ནས་ཕྱིར་གནའ་མཁར་ཟི་ལིང་དུ་འབྱོར། ཁོང་ཟི་ལིང་དུ་འབྱོར་མ་ཐག སྐད་འཕྲིན་ནས་མར་ལོ། དགོངས་པ་མ་ཚོམས། ཡུལ་ན་བྲེལ་དོན་ཞིག་ཡོད་པས་ང་མྱུར་དུ་འགྲོ་དགོས་ཐུག་སོང་། ངེད་གཉིས་རྗེས་མར་ཐུག་ཁོམ་མང་པོ་ཡོད་ངེས་ཞེས་ཟེར་བ་ལ། ངས་ཁྱོད་ཀྱིས་ང་འདི་ལྟར་གཡས་བསྐྱུར་གཡོན་བསྐྱུར་གྱིས་ཁ་རོག་གེར་འབྲོ་དགོས་དོན་ཅིའང་མི་འདུག་ཅེས་ཀུ་རེ་ལ་འཁང་ར་འདྲེས་མའི་སྐད་གདངས་ཀྱིས་བཤད། ད་ལྟ་བསམ་ན། དུས་དེར་ཁོས་ང་ལ་རྗེས་མར་ཐུག་ཁོམ་མང་པོ་ཡོད་ངེས་ཟེར་བ་དེ་ད་ནི་མི་འདོད་པའི་རྫུན་དུ་བུད་སོང་ཨང་། ད་དུང་ངས་ཀྱང་ཁོང་ལ་ཁྱོད་ཀྱིས་ང་འདི་ལྟར་གཡས་བསྐྱུར་གཡོན་བསྐྱུར་གྱིས་ཁ་རོག་གེར་འབྲོ་དོན་ཅིའང་མི་འདུག་ཅེས་བཤད་པའང་བསམ་བཞིན་མ་ཡིན་པའི་ཁ་ཉེས་འབོད་སྟངས་ཤིག་ཏུ་གྱུར་སོང་བ་འདྲ་བས་ང་ནི་ཇི་འདྲའི་མི་ཁ་འཁྱག་ཅིག་རེད་ཨང་།

གྲོགས་པོ་ཁོང་ངོ་ཤེས་དུས་ནི༢༠༡༨ལོའི་སྟོན་ཁ་ཡིན། སྟོན་ཁ་དེར། དབྱིན་ཡིག་སློབ་ཐུན་གྱི་སྐབས་དག་ལ། རྒྱུན་པར་བྱ་མདོ་མར་ལོ་ཞེས་འཛིན་གྲྭའི་མི་ཚོགས་ཁྲོད་ནས་ང་དང་ངའི་སྐད་འཕྲིན་གྱི་མིང་ནས་འབོད་མཁན་ཞིག་ཡོད་པ་ནི་ཁོང་ཡིན།ཕྱིས་སུ། ངེད་གཉིས་ཡུན་གྱིས་འདྲིས་ཤིང་རྒྱུས་ལོན་པས་ངས་ཁོང་གི་ཕ་ཡུལ་ནི་རྨ་ལྷོ་སོག་རྫོང་ཡིན་པ་ཤེས།

རྨ་ལྷོ་སོག་རྫོང་ནས་ཡིན་པའི་གྲོགས་པོ་ཁོང་དང་ངེད་གཉིས་ཀྱི་སློབ་གྲྭ་གཅིག་ཀྱང་སློབ་གླིང་དང་ཆེད་ལས་མི་གཅིག། ཁོང་གི་ཤེས་རམས་པའི་ཆེད་ལས་ནི་སོག་ཡིག་སྐད་བརྡ་རིག་པ་ཡིན་མོད། ཆེད་ལས་བོད་ཀྱི་དེང་རབས་རྩོམ་རིག་ཡིན་པའི་ང་དང་བསྡུར་ན། བོད་ཀྱི་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་ནི་ཁོང་གིས་མང་ཙམ་བྱས་ཡོད་པའི་ཚད་ཡིན་ལ།ཁོང་དངོས་གཞི་སློབ་མའི་སྐབས་ཀྱི་ཆེད་ལས་ནི་དབྱིན་ཡིག་རེད་པས་ཁོང་དབྱིན་ཡིག་ལའང་ཤིན་ཏུ་མཁས། མ་ཟད་ཁོང་གིས་དབྱིན་ཡིག་གི་སྒྲུང་གཏམ་གཙོས་རྩོམ་རིག་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་བཀླགས་མྱོང་ཡོད་འདུག་ལ། དབྱིན་ཡིག་གིས་བརྩམས་པའི་རྩོམ་རིག་དཔྱད་བརྗོད་ཀྱང་སྤུས་ལེགས་ཁ་ཤས་བཀླགས་མྱོང་ཡོད་འདུག་པས། ངོས་དང་ཟུར་གང་ནས་བཤད་ཀྱང་གྲོགས་པོའི་རྩོམ་རིག་གི་མིག་རྒྱང་ནི་ང་ལས་ལྡབ་ཀྱིས་རིང་ཙམ་ཡིན། དེ་བས། ངས་རྒྱུན་པར་གྲོགས་པོ་ཁོང་ལ“ཁྱེད་ཀྱི་ཆེད་ལས་ནི་རྩོམ་རིག་ཡིན་འོས། ཞིབ་འཇུག་སློབ་མར་མིང་ཐོ་འགོད་སྐབས་ཁྱོད་ཀྱིས་རྩོམ་རིག་ཆེད་ལས་བདམས་ཡོད་ན་འགྲིག་ཡོད”ཅེས་བཤད་ཚེ། ཁོང་གིས་ད་ལྟ་རྩོམ་རིག་སྦྱང་རྒྱུ་ཁག་པོ་རེད་ཅེས་ལན་སྟབས་བདེ་ཞིག་གིས་འཐུས་པར་བྱས་འགྲོ་ལ། མཚམས་ལན་རེར། ང་རང་ཁ་པར་ལ་མགོ་གཡེང་སྡོད་པ་མཐོང་ཚེ། འུར་ཟིང་ཤིན་ཏུ་ཆེ་དུས་རྩོམ་རིག་རྣལ་མ་ཞིག་ལར་ནས་འཁྱོང་ཐུབ་པ་མ་རེད། ཁྱོད་ཀྱིས་ལི་ཙེ་ཧྥུ་ཡིས(刘再复)བཤད་མྱོང་བའི་ཤང་ཡ་ཀྲི་ཐ(象牙之塔)ཟེར་བ་གོ་མྱོང་ངམ། ངེས་དོན་གྱི་རྩོམ་པ་པོ་ཞིག་འཁྱོང་དགོས་ཚེ་ཤང་ཡ་ཀྲི་ཐར་སྡོད་དགོས་པ་རེད། སྒོས་སུ་ཚོང་ལས་དང་ཆ་འཕྲིན་གྱི་འབར་གས་ཆེན་མོའི་དུས་འདིར། རྩོམ་རིག་གི་རིན་ཐང་བསྟོད་འདོད་ན་མ་མཐར་ཡང་སེམས་རྣལ་དུ་ཕབ་ནས་ལྷིང་འཇགས་སུ་གནས་ཐུབ་དགོས་པ་རེད་ཅེས་བཤད་ཡོང་། ཡང་སྐབས་ལན་རེར། ངས་ཁོང་ལ་ཀུ་རེའི་ཚུལ་དུ། ཁྱེད་སྐད་བརྡའི་ཆེད་ལས་ཡིན་པ་ལ་རྩོམ་རིག་ལ་དོ་སྣང་དགོས་དོན་མེད་ཅེས་བཤད་ཚེ། ཁོང་གིས་རིག་ཚན་མཐའ་དག་གི་བར་དུ་མངོན་ལྐོག་གི་འབྲེལ་བ་ངེས་ཅན་མཆིས་ཙ་ན། སོ་སོར་སྦྱངས་པ་ཏིལ་ཙམ་ཡང་མེད་པར་རིག་ཚན་འདི་ལས་འདི་བཟང་ངོ་།། འདི་དམན་ནོ་སྙམ་པའི་བློ་གུ་དོག་པོ་འབྱུང་བ་ནི་རྒྱུ་མ་མྱི་དང་རྒྱུ་ཁུ་ཁྱི་ལའང་མེད་པའི་སྦྱོར་བ་རྩོམ་འདོད་པ་ཚོའི་ཞེ་འདོད་ཡིན་ཞེས་བཤད་ཡོང་ལ། རིག་ཚན་ཞིག་ལ་གདེང་འཇོག་བྱེད་འདོད་ན་ཐོག་མར་དེའི་རྨང་གཞིའི་ཤེས་བྱ་ཙམ་ངེས་པར་མེད་པ་ཡིན་ན་ཕན་ཚུན་བར་ཁ་བརྡ་ཡོད་པ་མ་རེད་ཅེས་ཀྱང་བཤད་ཡོང་།

གྲོགས་པོ་ཁོང་ནི་དུས་ཚོད་ལ་ཤིན་ཏུ་གཅེས་སྤྲས་བྱེད་མཁན་ཞིག་ཡིན།ཞིབ་འཇུག་སློབ་མའི་ལོ་རིམ་དང་པོའི་སློབ་སྐབས་དང་པོའི་སྐབས། ང་ཚོར་དབྱིན་ཡིག་དང་ཆབ་སྲིད་ཀྱི་སློབ་ཁྲིད་རྫོགས་མེད་ཅིག་ཡོད། སློབ་གྲྭའི་རེ་འདུན་ལྟར་ཞིབ་འཇུག་སློབ་མའི་ལོ་ངོ་གསུམ་པོའི་རིང་ལ་དབྱིན་ཡིག་གི་ཚད་རིམ་འཛིན་ཡིག་ཀྱང་ལོན(ལ་ལས་སྔོན་ནས་བླངས་ཡོད།)དགོས་པ་ཡིན། གྲོགས་པོ་ཁོང་གིས་དངོས་གཞིའི་སྐབས་དབྱིན་ཡིག་ཚད་རིམ་དྲུག་པའི་འཛིན་ཡིག་བླངས་ཟིན་པས། དབྱིན་ཡིག་དགེ་རྒན་གྱིས་ཀྱང་གུ་ཡངས་གནང་ཡོད། ཡིན་ནའང་། ཁོང་གིས་དབྱིན་ཡིག་སློབ་ཐུན་གྱི་སྐབས་སུ་ཡིག་རིགས་གཞན་ལ་སྦྱོང་བའམ་བསྟན་བཅོས་གྲགས་ཅན་སོགས་བཀླགས་པ་ལས་རྣམ་གཡེང་གི་ལས་ཀ་ཏིལ་ཙམ་ཡང་མི་བསྒྲུབས་པས། ཁོང་ལ་གྲུབ་འབྲས་ཀྱང་མི་དམན། ལོ་རིམ་གཉིས་པའི་སྐབས་སུ། 《ཀྲུང་གོའི་སོག་པོ་རིག་པའི》དུས་དེབ་སྟེང་མཛུབ་ཁྲིད་དགེ་རྒན་དང་ལྷན་དུ་དཔྱད་རྩོམ་བཀོད་ཅིང་། དེ་ནས་མི་འགྱང་བར་ཕྱི་སོག་ཏུ་སློབ་གཉེར་ལ་འགྲོ་བའི་བསྐལ་བ་ལྡན་སོང་། དེ་མ་ཟད། ད་དུང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ་རིམ་པའི་སློབ་སྦྱོང་བྱ་དགའ་ཡང་ཐོབ། ཁོང་ནི་མི་ཀུན་མཐུན་ཞིག་ཡིན་པས་མི་ལ་འདྲིས་སླ་ཞིང་། བདག་བས་གཞན་གཅེས་ལ་དགའ་བའི་མི་ཡ་རབས་ཤིག་ཡིན།

སྤྱི་ལོ༢༠༢༠ལོར་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ཁོང་ཕྱིར་ཕྱི་སོག་ཏུ་སློབ་སྦྱོང་ལ་འགྲོ་མ་ཐུབ་པ་ལ་ཁོ་ཕར་ཞོག སྐབས་དེར། ང་ལའང་ཕངས་སེམས་ཤིན་ཏུ་ཆེ། རྒྱུ་མཚན་ནི། ཕྱི་ཡུལ་དུ་སློབ་སྦྱོང་ལ་འགྲོ་བའི་ཆོག་མཆན་ལེན་ཕྱིར། ཁོང་གིས་དཀའ་ལས་གང་མང་མྱོང་ཡོད་པ་ངས་གསལ་བོར་ཤེས། ཐོག་མའི་སློབ་གྲྭར་ཕུལ་བའི་སྙན་ཞུ་ཡི་གེ་ནས་མཐའ་མར་མིང་རྟགས་ལེན་པའི་བར་དུ་ཁོང་ཡར་རྒྱུག་མར་འདུར་གྱིས་ཧ་ལམ་རྐང་ནས་ལྷམ་གསར་བ་གཉིས་རལ་བར་བྱས་སོང་ཟེར་ནའང་རྫུན་དུ་འགྲོ་ཁག་པོ་ཡིན། བར་སྐབས་ཤིག་ལ། ངེད་གཉིས་སློབ་གྲྭའི་ཉེ་འཁོར་གྱི་ཚོའོ་སྡེ་བའི་ནང་བོད་ཟས་ཟ་རུ་འགྲོ་དུས། རྒྱུན་པར་ཁོང་ཕྱི་ཡུལ་དུ་སློབ་སྦྱོང་ལ་འགྲོ་ཐུབ་མིན་ཐད་ཁ་བརྡ་བྱས། སློབ་གྲྭའི་མགོ་ཁྲིད་རེ་རེའི་མདུན་ལ་མིང་རྟགས་འགོད་དུ་འགྲོ་དུས། དོན་དག་ལ་ལའི་ཐད་དུ་དངོས་གནས་སེམས་སྐྱ་མོ་ཐང་ལ་ལྷུང་འགྲོ་ཚུལ་མང་པོ་བཤད་ཡོང་ལ། སྐབས་ལན་རེར། མགོ་ཁྲིད་ཡུལ་གཞན་ལ་གཞུང་དོན་དུ་སོང་བ་ལ་བདུན་ཕྲག་གཅིག་རིང་སྒུག་དགོས་དུས་ཀྱང་ཡོད་ཟེར་དུས། ངས་ཁོང་ལ། ད་ནི་བསྐྱུར་ཞོག།འདི་ག་རུའང་ནང་སོག་གི་སློབ་མ་ཡོད་པས། ཁྱོད་ཀྱིས་ཁོང་ཚོ་དགེ་རྒན་དུ་བསྟེན་ནའང་ཆོག་པ་མིན་ནམ། ཡང་གཅིག་བཤད་ན། ཁྱོད་ཀྱི་རིགས་རུས་སོག་པོ་ཡིན་ཟེར་ཡང་བོད་སྐད་ཡིག་སྤྱོད་ཀྱིན་པ་མིན་ནམ། ད་ནི་སོག་ཡིག་སྦྱོང་དགོས་པ་མ་རེད་ཅེས་ཀུ་རེ་བཤད་པ་ཡིན། དོན་ངོ་མར་བཤད་ན། ཁོང་གིས་བོད་སྐད་ཁྲོད་ཀྱི་སོག་པོའི་ས་མིང་འདོགས་སྟངས་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པས། སོག་ཡིག་གསར་མ་ལས་ཀྱང་རྙིང་མར་སྦྱང་དགོས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་ཡིན་པ་ངས་ཀྱང་གསལ་བོར་ཤེས་ཡོད།

ལོ་རིམ་གཉིས་པའི་སློབ་སྐབས་ཕྱི་མའམ། སྤྱི་ལོ༢༠༢༠ལོའི་ཟླ་བདུན་པའི་སྔོན་ནི་ངེད་གཉིས་མི་ཚེའི་ནང་འགྲོགས་ཡུན་ཆེས་རིང་བའི་དུས་ཚོད་དེ་ཡིན། སྐབས་དེར། ཁོང་ཕྱི་སོག་ལ་སློབ་གཉེར་དུ་འགྲོ་མ་ཐུབ་པས། སྔར་གནས་སུ་མི་སྡོད་ག་མེད་བྱུང་། དེའི་རིང་ལ་ཁོང་གིས་གཞི་ནས་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་འབྲི་འགོ་བརྩམས་ཡོད་ལ། དང་ཐོག་གི་ཟླ་འགའི་ནང་དུ། ཉི་ཧོང་དང་དབྱིན་ཇི་ནས་ཡོང་བའི་གྲོགས་པོ་འགའ་རེའི་སྣེ་ཤན་པ་བྱས་ཏེ་སྐུ་འབུམ་དང་མཚོ་སྔོན་པོ་སོགས་སུ་འགྲོ་དགོས་པས་ཁོང་ལ་བྲེལ་བ་ཤིན་ཏུ་ཆེ་ཡི་འདུག་མོད། ཟླ་དྲུག་པའི་ཟླ་སྟོད་ཙམ་ལ་ཁོང་གིས་མཐར་ཕྱིན་དཔྱད་རྩོམ་ཡང་ལེའུ་འགའ་བྲིས་འདུག་པ་མཐོང་བས་ཁོང་གི་དུས་ཚོད་བཀོད་སྒྲིག་བྱེད་སྟངས་ལ་སྔར་ལས་ཀྱང་ཡིད་སྨོན་ཤོར། དབྱར་གནང་གཏོང་ཁར། ཁོང་གིས་ངའི་ཡིག་ཟམ་ནང་ལ《ཁྲི་ཤོར་རྒྱལ་མོ》ཞེས་པའི་ལྷུག་རྩོམ་རིང་བོ་ཞིག་ཀྱང་བསྐུར་བྱུང་ལ། ཞུ་དག་ཅིག་གནང་རོགས་ཟེར། ངས་ལྷུག་རྩོམ་དེར་ཡོངས་སུ་བལྟས་རྗེས་འཕྲིན་སྟེགས་སུ་འགོད་ཡོང་ཞེས་བཤད། སྐབས་དེར། ཁོང་གིས་ངའི་དེ་འགོད་རིན་ཅིའང་མེད། གལ་སྲིད་དགོད་ནའང་ཞུ་དག་ལན་མང་བྱ་དགོས་འདུག་ཟེར། སྒྱིད་ལུག་དང་རྣམ་གཡེང་ཆེ་བའི་ངས་ཀྱང་ཕྱི་དལ་གྱི་ངོ་བོ་ཅན་དུ་བསྒྱུར་ཏེ་རྩོམ་ཡིག་ལ་བསྐྱར་ལྟ་བྱས་རྗེས་འཕྲིན་སྟེགས་སུ་འགོད་པའི་ལས་དེ་མ་ཐག་བརྩམས་ཐུབ་མ་སོང་། སྟོན་ཁར་སློབ་གྲྭ་ཕྱིར་འཚོགས་རྗེས། སྲིད་གཞུང་གིས་བརྡ་ཐོན་ཏེ་གྲོགས་པོ་ཁོང་ཕྱིར་ལས་གནས་སུ་ལས་ཀར་ལོག་དགོས་པར་སྐུལ་བས་ཁོང་སློབ་གྲྭ་ནས་བུད་སོང་། དྲང་མོར་བཤད། ཞིབ་འཇུག་ལོ་རིམ་གསུམ་པའི་སྐབས་སུ། སློབ་ཁྲིད་ཕལ་ཆེར་མེད་པས། འདིའི་སྐབས་སུ་ལས་ཚོགས་སུ་འགྲོ་དགོས་པའི་སློབ་གྲོགས་རྣམས་ཕལ་ཆེ་བ་བུད་འགྲོ་བ་ཡིན།

སྤྱི་ལོ༢༠༢༠ལོའི་ཟླ༡༠ནང་ལ།རྐྱེན་ངན་དེའི་དབང་གིས་གྲོགས་པོ་ཁོང་། གྲོགས་པོ་ཁོང་། དངོས་གནས་ཁ་རོག་གེར་བུད་སོང་། ཡང་ན། བྱ་མདོ་མར་ལོ་ཞེས་ངའི་མིང་ནས་འབོད་ཙམ་ཡང་བྱེད་ཁོམ་མ་བྱུང་བར་ཕེབས་སོང་། གཏན་ཏུ་ཕེབས་སོང་།



  • ལེ་ཚན་སྔོན་མ།:རྨི་ལམ་ནང་གི་གཙང་བོ་གཉིས།
  • ལེ་ཚན་རྗེས་མ།:སླར་མཇལ་བ།