མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།

མགར་ཐང་དཀར།        2021-06-04

གངས་ཅན་མཁས་པའི་གཙུག་རྒྱན།།

དཔྱོད་པར་རམ་འདེགས་མཛོད་ཅིག།

ཤེས་རབ་དབྱངས་ཀྱི་ལྷ་མོ།།

མི་འགག་རིག་ལམ་སྩོལ་ཅིག།

ཚེ་རིང་གནམ་གྱི་ཤེ་མོང་།།

གནོད་སྦྱིན་གང་ཟེགས་ལྡོག་ཅིག།

དགྲ་ལྷའི་རྟ་ཕོ་བང་ཆེན།།

རླུང་རྟར་རླུང་གཤོག་སྩོལ་ཅིག།

ཀ་ཡེ་སྙིང་གི་སློབ་གྲོགས།།

ཞིམ་པོ་ཚིག་ལ་ཉོན་ཅིག།

སྦྱངས་འབྲས་འོ་མའི་རང་མདངས།།

འབྲས་རྟགས་གཞོང་བར་རྡོལ་ཅིག།

རྒྱུགས་རའི་འབྲས་བུ་ལོས་གཙོ།།

མི་ལོ་གསུམ་གྱི་སྟ་གོན།།

དཔྱོད་ཤེས་སྐས་གདང་སྟེང་དུ།།

གོམ་པ་དལ་གྱིས་སྤོ་དགོས།།

རྒྱུགས་རའི་འབྲས་བུ་ལོས་གཙོ།།

བཤེས་གཉེན་སྙིང་གི་དཀར་ཐིག།

ཡིད་ཆེས་བློ་ཡི་ཟླ་ཤེལ།།

བྱི་དོར་ལེགས་པོར་བྱ་དགོས།།

ལྷོད་པའི་ངང་རྒྱུད་ལོས་གཙོ།།

མི་སེམས་ཤ་ཁྲག་ཉིས་འདུས།།

ཁམས་གཡེང་བག་ལྷོད་ལོས་དགོས།།

རྩ་ཉོན་དྲུག་པོ་རྩིས་ཆེ།།

ཨ་གསར་འཆར་སྒོ་ལོས་གཙོ།།

ལས་ཀྱི་སྟབས་ག་འགྲིག་ངེས།།

རང་གཤིས་བདག་དོམ་ལོས་དགོས།།

སྒྲིག་གཞི་གསེར་གྱི་ལྕགས་ཐག།

མ་འོངས་མདུན་མ་ལོས་གཙོ།།

ཉེར་གཅིག་ཤེས་བྱའི་ལྡིང་ཁང་།།

གཞུང་རྒྱུད་ཕྱི་ཐག་ལོས་དགོས།།

དྲང་ལམ་དངུལ་གྱི་གཞོང་བ།།

འབྲས་བུར་འབྲས་རྟགས་ལོས་གཙོ།།

ལས་དེ་མི་ལོ་བཅུ་གྲངས།།

ཆོག་ཤེས་བདེན་དོན་ལོས་དགོས།།

ཚེ་རབས་སྟོང་གི་གདམས་ངག།

བསྐྱར་ཞིབ་ཡང་ཞིབ་ལོས་གཙོ།།

བློ་སྒོ་མེ་ལོང་རྡུལ་བརྩེགས།།

ཆུ་ཚོད་ངེས་ཤེས་ལོས་དགོས།།

ཁྱོད་ཀྱང་གཞོན་པའི་རྣམ་སྤྲུལ།།

གྲོགས་ལ་སྙིང་ཕུར་ལོས་གཙོ།།

ཁྱོད་ཀྱི་ལས་འཕྲད་གཉེན་ཉེ།།

ཨ་གསར་ལྡུད་པ་མི་དགོས།།

ལུས་ངག་ཡིད་གསུམ་འདྲེན་རོགས།།

བློས་བསླངས་འདྲི་གཞི་ལོས་གཙོ།།

དྲི་བའི་ཞིང་ལ་བརྒྱུག་དགོས།།

མི་རྟག་ཆོ་འཕྲུལ་མི་དགོས།།

དྲང་བའི་དྲི་བར་སོམས་ཤིག།

སྔ་ལངས་འཕྱི་ཉལ་ལོས་གཙོ།།

མཐོ་རྒྱུགས་ལས་ཀྱི་རྟོད་ཐག།

ངལ་གསོ་ཇ་འཐུང་ལོས་དགོས།།

མགོ་ནག་ལྟོ་ལ་ཁེན་དགོས།།

བྲལ་ཁའི་མིག་ཆུ་ལོས་གཙོ།།

བརྩེ་སེམས་དངུལ་གྱི་ཆར་བ།།

གཏན་གྱི་མཛའ་གཤིས་ལོས་དགོས།།

མི་སེམས་ཁབ་དང་སྐུད་པ།།

རེ་བའི་རྒྱལ་ཁ་ལོས་གཙོ།།

སྨོན་པ་དར་ཚོན་སྣ་ལྔ།།

གཞི་རྩའི་དགའ་ཕྱོགས་ལོས་དགོས།།

རང་ལམ་སྐྱ་མོ་རང་གྲུབ།།

ཀྱེ་ཀྱེ་མཐོ་སློབ་ཚེ་རིང་།།

འབྱུང་འགྱུར་འབྲས་བུ་བདེ་ལེགས།།

ལས་སྨོན་འཇའ་ཡི་གུར་ཁང་།།

བདག་པོ་རྒྱག་པ་གནང་རོགས།།



  • ལེ་ཚན་སྔོན་མ།:ཨ་ཕ་དང་ལུག་ཁྱུ།
  • ལེ་ཚན་རྗེས་མ།:དུར་ཁྲོད་འོག་གི་དྲན་པ།