བྱིས་པའི་དུས་ཆེན།

བློ་བཟང་ཟླ་བ།        2021-06-02

བྱིས་པ་ནི།

ཕ་མའི་བརྩེ་དུང་གི་གྲུབ་འབྲས།

མེས་རབས་ཀྱི་བྱམས་བརྩེའི་གཅེས་ཕྲུག།

ཁྱིམ་ཚང་གི་རེ་ལྟོས།

མི་རིགས་ཀྱི་རྒྱུད་འཛིན།

མེས་རྒྱལ་གྱི་འབྱུང་འགྱུར།

བསྙོན་དུ་མེད་པ་ཡིན།

དེ་རིང་ནི།

ས་ཆེན་འདིའི་སྟེང་གི་བྱིས་པ་ཡོངས་ཀྱི།

སྐལ་བཟང་གི་དུས་ཆེན་ཏེ།

བཀྲ་ཤིས་གཡང་ཆགས་ཀྱི་ཉིན་མོ་དང་།

མ་འོང་པའི་དུས་སུ།

སྤྱང་གྲུང་གཅེས་སུ་འོས་པའི་གྲོགས་པོ་ཆུང་ཆུང་།

ཁྱོད་རྣམ་པས།

འཛམ་གླིང་ཞི་བདེའི་ཉི་ཟེར་འོག

རང་གི་ཁྱིམ་གཞིས་འཆམ་མཐུན་གྱི་ལྡུམ་ར་དང་།

སློབ་ར་པད་མའི་དགའ་ཚལ་དུ།

སྐྱོན་བྲལ་དགའ་སྤྲོའི་དཔལ་ལ་རོལ་བཞིན།

ཉེ་འཚེའི་ནག་ནོག་ཡོངས་སུ་བྲལ་བའི་ངང་ནས།

འཚར་ལོངས་བྱུང་སྟེ།

མི་ཚེའི་ཤོག་དེབ་ཐོག

རྨད་བྱུང་དོན་སྙིང་གི་འོད་སྣང་འབར་བའི་རི་མོ།

ཀུན་གྱི་ཡིད་ཀྱི་གསོས་སྨན་དུ་འབྲི་ཞིང་།

ཤེས་འཇོན་ཟུང་གི་གཤོག་སྟོབས་ཀྱིས།

མཁའ་དབྱིངས་སུ་འཕུར་བར།

ཐམས་ཅད་ཀྱིས་སྨོན་འདུན་དང་།

ཡིད་ཆེས།

རེ་སྒུག་བྱེད་ཅིང་གདའ་འོ།།



  • ལེ་ཚན་སྔོན་མ།:རང་སེམས་རྒྱུད་མངས་དཀྲོལ་བའི་དབྱངས།
  • ལེ་ཚན་རྗེས་མ།:དགའ་བཞིན་སྤྲོ་བཞིན་བྱིས་པའི་དུས་ཆེན་བསུ།