དགའ་བཞིན་སྤྲོ་བཞིན་བྱིས་པའི་དུས་ཆེན་བསུ།

ཉི་མ་རྡོ་རྗེ།        2021-06-02

བཀྲ་ལ་ཤིས་པའི་དྲུག་པའི་ཚེས་གཅིག་ཤར།།

བྱིས་པའི་ངོ་ནི་དཀར་དམར་ཚོན་གྱིས་བརྒྱན།།

སྙན་མོའི་གླུ་དང་སྐྱིད་པའི་གར་གྱིས་ཁྱབ།།

བདེ་སྐྱིད་རྣམ་པ་པིར་གྱིས་བརྗོད་མི་ཚར།།

སློབ་ཁང་བཀོད་གཙང་ཁོར་ཡུག་ཉམས་དགའ་བ།།

དེའི་ནང་ཕུ་ནུ་ལྟ་བུའི་སློབ་གྲོགས་ཡོད།།

དགེ་རྒན་བཟང་པོས་ཤེས་བྱའི་བདུད་རྩི་བླུད།།

གནས་བཅུའི་མཁར་རྫོང་འགྲིམ་པའི་སྒོ་ཆེན་བསྟན།།

དཔེ་ཁུག་རིལ་རིལ་བུ་ཆུང་རྒྱབ་ཏུ་འཇོག།

དྭངས་གཙང་ཕུགས་འདུན་ཁྱེར་ནས་སློབ་གྲྭར་འགྲོ།

ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོའི་ཁྲོད།།

བུ་དང་བུ་མོའི་བློ་གྲོས་རྩ་ལག་རྒྱས།།

ཤེས་རིག་ཡོན་ཏན་ཆེ་ཚུགས་སྤངས་ནས་བརྩོན།།

ལོ་མཇུག་ཡིག་རྒྱུགས་ལེན་པའི་དུས་སླེབས་ཚེ།།

སྨྱུ་གུའི་རྟ་ཕོ་ཤོག་དཀར་ངོས་སུ་ཤོར།།

སྦྱངས་འབྲས་བཟང་པོས་ཕ་མར་དྲིན་ལན་གསབ།།

སློབ་སྦྱོང་བྱེད་དུས་རྣམ་རིག་རྨད་དུ་བྱུང་།།

རྩེད་མོ་རྩེ་དུས་རྩེ་དགའ་རླུང་ལས་མྱུར།།

དགེ་རྒན་སློབ་གྲོགས་འདང་བརྩེ་རི་ལས་ལྗིད།།

བྱིས་པའི་དུས་ནི་སློབ་གྲྭའི་ནང་ནས་འདའ།།

བྱིས་པ་ཆུང་ཆུང་རྩེད་མོར་མགོ་བོ་འཁོར།།

ལས་བྱ་མ་འབྲི་བློ་ལ་མ་འཛིན་ནས།།

དགེ་བའི་རྒན་གྱི་ལྟ་སྐྱོང་ནན་པོའི་འོག།

སྐབས་འགར་གཅར་རྡུང་ཉོ་བའི་དུས་ཀྱང་ཡོད།།

དྲུག་པའི་དུས་ནི་མེ་ཏོག་འབུས་པའི་དུས།།

བྱིས་པ་རྣམས་ཀྱི་ལང་ཚོ་རྒྱས་པའི་དུས།།

ཉི་མ་རེ་ལ་ཚིག་རེ་བཟུང་བའི་དུས།།

ནམ་ཞིག་མཁས་པའི་རྒྱལ་ས་འཛིན་པའི་དུས།།

སློབ་གྲྭའི་ནང་ན་དུས་ཆེན་མང་པོ་ཡོད།།

བརྗེད་དུ་མེད་པ་བྱིས་པའི་དུས་སྟོན་ཉིད།།

དྲུག་གཅིག་དུས་བཟང་ནམ་ཟླའི་འགྲོས་དང་བསྟུན།།

བྱིས་པ་ཡོངས་ལ་ཁ་གཡང་འབོད་དུ་བྱོན།།



  • ལེ་ཚན་སྔོན་མ།:བྱིས་པའི་དུས་ཆེན།
  • ལེ་ཚན་རྗེས་མ།:ཁུ་བྱུག