ཟླ་བ་ལྟ་བུའི་མཛའ་མོ།

ཆོས་བཞིན།        2021-05-28

དབྱིངས་གཅིག་སེམས་ཀྱི་ངོ་བོ་ཀུན་ཏུ་བཟང་།།

དོན་གཉིས་གསལ་བར་བྱེད་པ་འཇམ་པའི་དབྱངས།།

དུས་གསུམ་སྙིང་རྗེའི་རྟེན་ཕུར་སྤྱན་རས་གཟིགས།།

མཐའ་བཞིའི་སྤྲོས་པ་བྲལ་ལ་སྙིང་ནས་འདུད།།

བདག་གི་གམ་ན་ལྡིང་བ་ཡི།།

སྣ་ཚོགས་ལས་ཀྱི་གར་བྱེད་པ།།

ཇི་བཞིན་མཐོང་བའི་གཟུགས་བརྙན་ཀུན།།

གནད་དུ་བསྡུས་ཏེ་སྟོན་པར་བྱེད།།

རང་དོན་ཆེད་དུ་སྐོར་བ་བྱེད་པ་ལས།།

གཞན་དོན་སྒོམ་བཞིན་སྐྱིད་པོར་ཉལ་ན་དགའ།།

ཁ་ཡག་ཚིག་གིས་རང་ཉིད་སྒྲོག་པ་ལས།།

ཁ་ཁོག་མཐུན་པའི་བྱ་གཅིག་བསྒྲུབས་པ་གལ།།

གཡོ་སྒྱུའི་ཐབས་ཀྱིས་རང་མགོ་འདོན་པ་ལས།།

ཕན་སེམས་བློ་ཡིས་ལྕག་གིས་སྐུལ་བ་གནད།།

ཁ་ཤོམ་ཆེན་པོས་ཚོགས་འདུ་འཚོག་པ་ལས།།

མགོ་བོ་བསྒུར་ནས་ལས་ཀ་ལས་པར་གཅེས།།

ལས་བྱེད་ཆེད་དུ་སློབ་སྦྱོང་བྱེད་པ་ལས།།

རྒྱུ་འབྲས་དྲང་བའི་ཞིང་འབྲོག་ལས་ཀ་བཟང་།།

གོ་སའི་དོན་དུ་ངོ་ཚ་བོར་བ་ལས།།

ཉམ་ཆུང་ཞི་དུལ་བག་དང་ལྡན་པ་གཙོ།།

རྣམ་གཡེང་རྩེད་མོས་དུས་ཚོད་འདའ་བ་ལས།།

ཉིན་རེར་ཚིག་རེའི་ཡོན་ཏན་སློབ་པ་མཆོག །

རིགས་ཀྱི་སྐད་གསོད་དགེ་རྒན་བྱེད་པ་ལས།།

ཟ་ཁང་མགྲོན་ཁང་ཞབས་ཕྱི་བྱེད་པ་ལེགས།།

ཁྲེལ་མེད་ཐོབ་ཀྱིས་གཞན་རྒྱུ་ཟ་བ་ལས།།

ཅང་མེད་གྲོང་ནས་གད་བདར་བྱེད་པ་ལེགས།།

ཁ་ཡག་ཚིག་གིས་ངོ་སོ་འཚོ་བ་ལས།།

བཙན་པོའི་ཐབས་ཀྱིས་གོམས་ཆ་སྐྱེད་པ་མཆོག།

མགོ་རྣ་དོར་ནས་དཔའ་དར་ལེན་པ་ལས།།

རང་གི་ནུས་པས་རང་ལུགས་སྐྱོང་བ་གཙོ།།

མི་ཤེས་བྱ་བའི་མགོ་འདྲེན་བྱེད་པ་ལས།།

རང་གི་ནུས་པས་སྲི་ཞུ་བསྒྲུབས་པ་བཟང་།།

ཁ་བཀོད་ལས་ཀྱི་རི་མོ་འབྲི་བ་ལས།།

ལག་ལེན་ཉག་གཅིག་ཙམ་རེ་ཐུབ་པ་གཅེས།།

གཞན་ལ་ཡིད་སྨོན་བྱས་ཏེ་འཁྲུལ་བ་ལས།།

རང་ལ་དབང་བ་དེས་ཆོག་བྱེད་པ་གནད།།

འདྲ་མིན་གཟེངས་རྟགས་བརྒྱ་ཙམ་ལོན་པ་ལས།།

མགོ་རྔ་ཚང་བའི་ཐུན་གཅིག་ཁྲིད་པ་གལ།།

འཚོ་བའི་ཆེད་དུ་སློབ་སྦྱོང་བྱེད་པ་ལས།།

ཡོན་ཏན་སློབ་ཕྱིར་འཚོ་བ་རོལ་བ་དགའ།།

ཟོག་པོ་གཡོ་སྒྱུ་ཅན་གྱི་རྒྱལ་ཁ་ལས།།

ཉམ་ཆུང་ལུགས་དང་མཐུན་པའི་ཕམ་ཁ་མཆོག།

དོན་མེད་ལས་ཀྱི་འཁྲབ་སྟོན་སྣ་ཚོགས་ལས།།

དོན་དང་ལྡན་པའི་ལས་ཀ་གཅིག་གིས་ཆོག།

གནས་ལུགས་ཁྲི་འབུམ་ཐང་མར་བརྡལ་བ་ལས།།

ལག་ལེན་སྣ་གཅིག་སྣ་གཉིས་ཙམ་ཡང་མཆོག།

གོང་ནས་མགོ་བོ་གདུགས་ལྟར་འཁོར་བ་ལས།།

འོག་ནས་རང་ཚུགས་ཐུབ་པ་དེས་ཀྱང་ཆོག།

དབང་ཆེན་ཁུགས་ཆེན་ཅན་གྱི་དྲན་འཕྲུལ་ལས།།

དབང་མེད་སེམས་མི་དཀྲུགས་པའི་བློ་གྲོས་མཆོག།

སྐད་རིགས་སྣ་ཚོགས་སྣ་ཟིན་སྤུ་ཟིན་ལས།།

རང་སྐད་གསོད་པའི་ལག་དམར་མིན་པས་ཆོག།

མདོར་ན་སྣ་ཚོགས་སྐད་ཆ་མདོར་བསྡུས་ན།།

ཕན་ཆེན་རྒྱལ་མཚན་སྒྲེང་བར་མི་ནུས་ཀྱང་།།

འཚེ་ཆེན་བདུད་ཀྱི་དྲན་སྒོ་མི་སྐོར་བར།།

དྲང་བདེན་ལམ་ནས་བྱོན་ན་དེས་ཆོག་གོ།།

དེ་སྐད་སྨྲ་བ་པོ་ནི་རིགས་གཅིག་པའི།།

ཆོས་མཐུན་མི་ཡི་གྲལ་མཐའ་ཟིན་ཙམ་གྱི།།

བཞིན་མི་སྡུག་པའི་རྒད་པོ་སྐྲ་རིང་དེས།།

དྲན་སྣང་ཐོ་རུ་བཀོད་པ་དགེ་ལེགས་འཕེལ།།

  • ལེ་ཚན་སྔོན་མ།:གཡུ་དཀར་མོ།
  • ལེ་ཚན་རྗེས་མ།:རང་སེམས་རྒྱུད་མངས་དཀྲོལ་བའི་དབྱངས།