ཞེན་ཆགས་ནང་གི་མི།

སྨྲ་སྙུག་གྲོལ།        2020-11-30

ཞེན་ཆགས་ནང་གི་མི།

ང་རང་རླུང་བུ་བཞིན་དུ་རྒྱལ་ཁམས་ནི་མ་ཉུལ།།

ཁྱེད་ཀྱང་ཆུ་བོ་བཞིན་དུ་ས་མཐའ་ནི་མ་བསྐོར།།

ཐུག་འཕྲད་ལས་བསྐལ་མདུད་པ་རང་ས་ན་ཡོད་པས།།

ངའི་སེམས་རྟ་ཕོ་མཐུར་མེད་ཁྱོད་ཕྱོགས་སུ་ཤོར་སོང་།།

བརྩེ་བའི་དབུ་ཁྱུད་ཐོག་མ་ཁྱེད་རང་ལ་བྲིས་ནས།།

འཛུམ་ཞལ་ཡིད་དུ་འོངས་པ་སྙིང་ངོས་སུ་བརྐོས་འདྲ།།

ངའི་སེམས་ཅུང་ཙམ་ཞིག་ཀྱང་ཁོམ་དབང་ནི་མི་འདུག།

དྲན་པ་བསིལ་རླུང་འདྲ་བོ་ཁྱེད་ཕྱོགས་སུ་གཡུག་འགྲོ།།

ཞེན་ཆགས་རྐུད་པ་བཞིན་དུ་ཆད་སླ་ཞིག་མ་རེད།།

དགའ་བ་ཚོད་འཛིན་ཡོད་པའི་གང་ཟག་ཅིག་མ་རེད།།

བརྩེ་དུང་འདི་གཉིས་ལས་བརྒལ་བའི་སོ་མཚམས་ཤིག་ནས།།

ངའི་ནང་སེམས་སུ་ཟུག་པའི་མདའ་མོ་དེ་ཡིན་འདུག།

བརྩེ་བས་བསླུ་བྲིད་ཟེར་བ་ཐག་རིང་ན་མི་འདུག།

ཁྱེད་ལ་ཞེན་ཆགས་སྐྱེས་པའི་ཤུལ་ལམ་ནས་མཐུད་དེ།།

དྲན་རྒྱུ་ཁྱེད་ལས་མེད་པ་བཞིན་སྣང་བ་འཕྲུལ་བས།།

དགའ་བ་ཚད་མེད་དེའི་ཆེད་དུ་ཅི་ཡོང་གང་ཡོང་།།

འཕྲུལ་སྣང་སད་དུས་ཤིག་ཡོད་ན་ཏན་ཏན་ནོར་སྲིད།།

མིན་ཡང་བརྩེ་བའི་བཟི་ཤུགས་དེས་ང་རང་སྨྱོས་པ།།

གཞན་ལ་འདྲི་དགོས་མི་འདུག་རང་སེམས་སུ་གསལ་ཡང་།།

ཁྱེད་རང་བརྗེད་ཐབས་ཤིག་མི་འདུག་ཡང་ཡང་དྲན་འོངས།།

ཁྱེད་རང་དྲན་ཐེངས་རེར་བརྩིས་ན་གྲངས་ཀ་མི་ལོངས།།

ཐུག་འདོད་འདུན་པ་ཁོ་ན་གནམ་སའི་བར་མི་ཤོང་།།

ལས་དབང་བཙན་པོའི་ཚིག་འདི་སེམས་ནག་ཅིག་མིན་ན།།

ཚེ་གཅིག་ལྷན་དུ་འགྲོགས་པའི་བསྐལ་བ་ཞིག་གནང་རོགས།།

  • ལེ་ཚན་སྔོན་མ།:དབྱངས་དཀར་མོ།
  • ལེ་ཚན་རྗེས་མ།:མེ་ཏོག་དེ་ཁྱོད་ཀྱི་ཡིན།