མེ་ཏོག་དེ་ཁྱོད་ཀྱི་ཡིན།

གནུབས་རྒྱལ་མཚན།        2020-11-30

ཁྱོད་ནི་ཡར་གྱི་གངས་འདབས་ཀྱི།།

སྤང་གདན་སྔོན་མོའི་པང་སྐྱེས་ཤིང་།།

ལུས་ལ་མཛེས་པའི་ཆ་རྫོགས་ཕྱིར།།

ཟུར་མིག་རི་དྭགས་ཁྱོད་སར་འདྲོགས།།

རྩི་བཅུད་བདུད་རྩིའི་མངར་ཁ་འཐུལ།།

ཟིལ་བ་ཁྲོམ་མེར་ཡིད་ལྷུང་ཞིང་།།

ལང་ཚོའི་དཔལ་ཡོན་རབ་མངོན་སྟབས།།

གཟུགས་མེད་སེམས་པ་བདག་མ་ཟིན།།

སྨིན་མའི་སེང་ལྡེང་ནགས་ཚལ་ལ།།

ཡིད་འོང་པད་མའི་ཚོགས་འདུས་ཤིང་།།

བསུང་ཞིམ་རླུང་བུའི་དྲི་ལྡང་སྐད།།

གཡོ་ལྡན་བུང་བའི་གཤོག་སྟབས་བསྒྱུར།།

དཀར་ལ་འཇམ་པའི་སྙིམ་བར་གྱི།།

སྣང་ལ་གསལ་བའི་འོད་འཐུང་བའི།།

མ་ངེས་འཁོར་བའི་ས་མཁན་ཉིད།།

ལས་སྐལ་འདི་ཡི་དབང་བོ་ཡིན།།

གསལ་ལ་མོག་པའི་ཟླ་འོད་ཀྱི།།

མཐིང་ངོགས་ལན་བུའི་འཕྱིང་འཕྲུལ་ནས།།

འཕྲུལ་རྟོག་འཆར་སྣང་མཐར་བཀྲལ་བའི།།

འཁོར་བའི་ལྷ་ཡི་སྔ་མ་ཁྱོད།།

མེ་ཏོག་ཆང་སྦངས་བག་འཛུམ་གྱིས།།

སླད་མར་ལེན་ཞིང་ངལ་བ་མེད།།

ཞི་བས་ཉམས་ལ་འཇུ་བ་ཡི།།

ཉི་ཟླ་གཉིས་ཀྱི་སྲུང་མ་ཡིན།།

རྔུལ་ཆུའི་བརླན་གྱིས་མ་རུལ་བར།།

ཤུགས་ཀྱི་འདེགས་པས་མ་བཅོམ་ཞིང་།།

བག་འཇམ་དང་བཅས་པང་ཁུག་ཏུ།།

འཐུས་པ་འདི་ཡང་མཚར་པོ་ཆེ།།

དར་གོས་སྲབ་མོའི་འོག་རོལ་དུ།།

བསིལ་སྦྱིན་འདོད་འཇོའི་དྲི་བགོ་ཞིང་།།

འཁྲིག་མའི་གར་གྱི་ཁྲུས་བྱེད་པའི།།

ཡ་མཚན་མཆོག་གི་དང་བ་འདྲེན།།

དབྱར་གྱི་ཙད་པས་མ་རྙིད་ཅིང་།།

སྟོན་ནམ་རླུང་བས་མ་གཡོས་པ།།

དཔྱིད་དཔལ་སྨུག་པས་མ་རྨོངས་པའི།།

མཆོད་པའི་རྫས་ལ་ཐུགས་དགོངས་དགྱེས།།

མ་བཅོས་མོས་པའི་རང་བློ་ཡིས།།

ལྷུག་ལྷུག་དགོད་པའི་མེ་ཏོག་གི།།

ས་བོན་ཉིད་ཀྱི་མིན་ན་ཡང་།།

མེ་ཏོག་དེ་ནི་ཁྱོད་ཀྱི་ཡིན།།

  • ལེ་ཚན་སྔོན་མ།:ཞེན་ཆགས་ནང་གི་མི།
  • ལེ་ཚན་རྗེས་མ།:ཤམ་བྷ་ལའི་རྨི་ལམ། གྲོགས་དམ་པ་ཟླ་གཞོན་ལ་ཕུལ་བ།