ཨ་ཕ་དང་ལུག་ཁྱུ།

ཁ་བ་ན་རོ།        2021-06-04

སྤྲིན་དཀར་དང་འདྲིས་པའི་ལུག་ཁྱུ་དང་།

གླག་རྒོད་ལས་མགྱོགས་པའི་ཨ་ཕ།

སྤང་ཡངས་ས་ན་འཛུམ་གྱིས་དགོད་དུས།

ལུག་ཁྱུ་ནི་ཨ་ཕའི་རྒྱན་ཆ་དང་།

ཨ་ཕ་ནི་ལུག་ཁྱུའི་ཕ་ཁྱིམ་ཡིན་འདྲ།

སྤང་ཐང་སྔོན་མོ་དེ་ནས་རྒྱང་རིང་ལ་ཅེར་དུས།

སྤྲིན་དཀར་དང་འདྲིས་པའི་ལུག་ཁྱུ་ནི་ཨ་ཕའི་

ནང་མི་དང་འདྲ་བར།

འདབ་ཆགས་འཕུར་ཤུལ་གྱི་རྩྭ་ཐང་ན་དལ་གྱིས་

འདྲེས་ཀྱིན་འདུག།

ཡིད་སེམས་འགུག་པའི་གཏམ་རྒྱུད་དག་གིས།

ཟླ་དྲུག་པའི་སྐྱིད་སྣང་དང་ཞེན་ཆགས་རུམ་ནས།

ཡངས་པའི་རྩྭ་ཐང་ནས་ལྷོད་བག་གིས་བགྲོད་དུས།

མ་ཎྀ་བར་མེད་དུ་བགྲང་བའི་ཨ་ཕ་དང་།

ས་གཞི་ཡི་མངའ་ཐང་བཟུང་བའི་ལུག་ཁྱུ་ནི།

ཚོན་གྱི་བྲིས་པའི་རི་མོ་ཞིག་ཅི་ལ་མིན།



  • ལེ་ཚན་སྔོན་མ།:ཁུ་བྱུག
  • ལེ་ཚན་རྗེས་མ།:མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།