འོ་མ།

ཧོར་ཚང་བསྟན་འཛིན་ཕུན་ཚོགས།        2021-06-28

འོ་མ། དྲིན་ཆེན་ཨ་མའི་ཤ་ཁྲག་གདོས་བཅས་ལས་བབས་པའི་ཟུངས་ཁྲག་དཀར་པོ། མ་བྲག་སྲིན་མོས་འཇམ་མཉེན་གྱི་ནུ་ཏོག་སྤྲེའུ་ཕྲུག་དྲུག་གི་མཆུ་བར་དུ་བཅུག་སྟེ། བོད་ཀྱི་རྩ་བའི་རུས་ཆེན་དྲུག་མེ་ལྕེ་མཆེད་པ་བཞིན། ཤྭ་འོད་འབྲུབ་པ་བཞིན་མདོ་དབུས་མཐོ་སྒང་དུ་འཚར་ལོངས་བྱུང་། རིགས་རྒྱུད་སྤེལ། དགྲ་འདུལ་གཉེན་སྐྱོང་མཛད། བསམ་བློའི་གཞུ་མོ་ནང་དུ་བཀུག་ན།མ་བྲག་སྲིན་མོའི་ནུ་ཞོ་མངར་མོ་ནི་མི་རིགས་འདིའི་ཟས་ཀྱི་ཕུད། རྣམ་ཤེས་འཁྲི་སའི་བླ་ཡིན་ཨང་།

མེས་པོ་རལ་ཅན་དེས་རི་བོ་ཧི་མ་ལ་ཡ་རྐང་ཐང་གིས་བརྒལ་ཅིང་། བློ་གྲོས་ཀྱི་རྩལ་ལས་དབྱངས་གསལ་སོ་བཞི་འཁྲུངས་ཏེ་འགྲོ་དྲུག་སྨན་པའི་ནང་ཆོས་གདན་འདྲེན་ཞུ་དུས། འོ་མ། སྐུ་གསུང་ཐུགས་རྟེན་ལ་མཆོད་པའི་རྫས་མཆོག་ཡིན། དཔྲལ་བ་ཁྲག་གིས་ཚོན། ཀི་བསྭོ་མཐོ་སྒང་ནས་བསྒྲགས། སྙན་གྲགས་ཀྱི་བ་དན་སུམ་གཉིས་ས་ཡི་དཀྱིལ་འཁོར་དུ་གཡོ་དུས། འོ་མ། ཀི་བསྭོ་གཡང་འབོད་ཀྱི་རྫས། བུ་དཔའ་བོ་ཚོའི་གསོལ་ཆང་།

གནའ་ནས་ད་བར་དུ། ལོ་རྒྱུས་ཀྱི་འཕེལ་འགྲིབ་ལས། མཐོ་སྒང་གི་ཡུལ་གྲུ་འདི་རུ་འོ་མའི་རིག་གནས་ཕུན་སུམ་ཚོགས་པར་རྒྱས་ཏེ། དབུས་གཙང་མི་ཡིས་ཞིམ་མངར་བཅུད་ལྡན་གྱི་དཀྲུགས་ཇ་འཐུང་བཞིན་རང་ཁྱིམ་དྲོན་མོའི་བདེ་སྡུག་གཏམ་དུ་གླེང་། མདོ་སྨད་མི་ཡིས་ལྷད་མེད་ཐུད་ཀྱི་སྡེར་ཁ་བཤམས་ཏེ་དགའ་འཛོམས་སྐྱིད་ཀྱིས་རོལ། མདོ་སྟོད་མི་ཡིས་ཅ་ནེ་ཞོ་ཡིས་བཀང་སྟེ་བུ་དཔའ་བོའི་དཔའ་གཏམ་གློད། རྟ་འདོ་བའི་བང་རྩལ་འགྲན། གཞན་ཡང་མར་གྱིས་བཞེངས་པའི་མེ་ཏོག་མཆོད་པ། མར་གྱིས་བཞེངས་པའི་སྐྱེས་འབྲས་མཚར་བའི་ལྷ་ལྷ་མོ། གསོན་ཉམས་ལྡན་པའི་སྟག་སེང་ཁྱུང་འབྲུག། ངོ་མཚར་གྱི་ལྟད་མོ་འཛམ་གླིང་དུ་སྟོན་པ་མ་ཡིན་ནམ།

བཟང་པོ་དགུ་འཛོམས། དྭངས་གཙང་ལྷད་མེད་ཀྱི་འོ་མ། ཉིན་ནས་ཟླ། ཟླ་ནས་ལོ། ལོ་ནས་ཚེ་རབས་ག་ཚོད་དུ་མགོ་ནག་མི་ཡི་ཟུངས་ཁྲག་ཏུ་བཞུར་ཞིང་། གོང་མ་ལྷ་ལ་མཆོད་པའི་རྫས། ཆུ་མིག་ཏུ་བླུགས་ཚེ་འབྲི་མོའི་ནུ་མ་སྐྲངས་དོན་ཅི་ཡིན་ནམ། ཆུ་མིག་ཁོ་ནས་བཙོག་ལྟ་དང་རྣམ་རྟོག་བྱ་དོན་ཅི་ཡིན་ནམ། ཨ་མས་འོག་མ་ཀླུ་ལ་

ཕོག་ཐུག་བཏང་བར་གསུངས། སྤོ་བོས་ཡུལ་ལྷ་གཞི་བདག་ཁོང་ཁྲོ་ལངས་པར་གསུངས། ལོ་དེའི་དབྱར་ཁར། འབྲི་མོ་དྲིན་ཅན་མའི་ནུ་མ་སྐྲངས་པའི་ཉིན་དེ་ནས་བཟུང་། ངའི་ཀླད་པ་འདྲི་བའི་སྨུག་རྒྱུས་བསྟིམས་མྱོང་། འོ་ཞོ་འཐུང་དུས། ནོར་ལུག་འཚོ་དུས་སུ་མནོ་བསམ་བཏང་། ཀླུ་ནི་ཆུ་མིག་ངོགས་སུ་ལྡིང་པའི་སྦལ་བ་དེ་ཚོ་ཡིན་ནམ། དེའང་འབྲི་མོའི་ནུ་མ་སྐྲངས་ཐུབ་མཁན་ཞིག་དང་། དངངས་སྐྲག་སྐྱེས་དགོས་ས་ཞིག་མིན་པར་འདྲ། ནོར་ནག་གི་རྗེས་སུ་བསྙེགས་ཏེ་མི་མེད་ལུང་སྟོང་བརྒལ་ཐེངས་རེར། གཟུགས་མེད་ཀྱི་ཡུལ་ལྷ་གཞི་བདག་གིས་ཅེར་ཡོད་པའི་ཚོར་བ་སྐྱུར་མོ་སྐྱེས།

རང་ལོ་བརྒྱད་ལ་སོན་པའི་ལོ་དེར་ངས་དབེན་འཇམ་གྱི་རི་ལུང་། རྩེད་རྒོད་གཡེང་བའི་བེའུ། ངུར་སྒྲ་སྒྲོག་པའི་ནོར་ནག་ལ་གྱེས་ཕྱག་ཕུལ་ཏེ། རྒྱང་རིང་གི་མཁའ་གྲོང་ནས་དབྱངས་གསལ་སོ་བཞི་དབྱངས་སུ་བླངས། སུམ་རྟགས་དག་གསུམ་འབད་བརྩོན་གྱིས་སྦྱོང་པའི་སྐལ་བ་ཤར་ནའང་། འདུ་འཛི་ལང་ལོང་གི་གྲོང་ཁྱེར་ལས་དབེན་འཇམ་གྱི་རི་ལུང་། ཞི་མངར་གྱི་འོ་མ། དྭངས་གསལ་གྱི་ཆུ་མིག་སོགས་དྲན་ཐེངས་རེར། ལོ་དེའི་དབྱར་ཁ་འོ་མ་ཆུ་མིག་ཏུ་བླུགས་ཏེ་འབྲི་མོའི་ནུ་མ་སྐྲངས་པའི་འདས་དོན་དེའང་ཡིད་ལ་ཝ་ལེར་ཤར་ཡོང་། ཚོན་མདངས་དཀར་དམར་གྱི་དཔེ་ཆ་ལས་རྒྱུ་མཚན་ཞིག་འཚོལ་བསམ་མོད། འོ་མ་ལ་བསྟོད་པའི་གླུ། འོ་མའི་བཀོལ་སྤྱོད་ཀྱི་རིན་ཐང་སོགས་ལས་འོ་མ་ཆུ་མིག་ཏུ་བླུགས་མི་རུང་བའི་རྒྱུ་མཚམ་སྤུ་ཙམ་ཡང་མ་རྙེད།

དུས་ཚོད་ཀྱི་འཁོར་འགྲོས་ལས་ང་ཚོས་མང་པོ་ཤེས་པར་གྱུར་ཅིང་། མང་པོ་ཞིག་ཀྱང་ཟིལ་པ་བཞིན་འཐོར་འགྲོ་བས། འོ་མ་ལས་བྱུང་བའི་འདྲི་ཚིག་ཀྱང་། ལོ་ཟླའི་གཙང་ཆབ་ཀྱིས་རྒྱང་རིང་དུ་དེད་སོང་བ་འདྲ། ཡིན་ནའང་། ང་དང་འོ་མའི་བར་གཏུབ་ཏུ་མེད་པའི་རྨུ་ཐག་གིས་སྦྲེལ་ཡོད་པས། གླུ་དབྱངས་སྙན་མོ་ཞིག་གིས་རྣ་དབང་ཅིག་ཅར་དུ་བཀུག་ཅིང་། དོན་ལྔ་སྣོད་དྲུག་ཡོད་ཚད་དྲག་ཏུ་མཆོང་ལྡིང་བྱས་ཡོང་། “ང་ཆུང་དུས་ཨ་མའི་ཁ་ཏ་ལ། ཆུ་གཙང་པོའི་མགོ་ནས་མ་སྙོག་ཟེར། བསམ་ཤེས་ན་ཁོར་ཡུག་སྲུང་སྐྱོབ་རེད།” མི་ལོ་དུ་མར་ངའི་ཀླད་པ་རུ་འཐིབས་པའི་འདྲི་བའི་སྨུག་རྒྱུ་སྐད་ཅིག་མར་དྭངས་ཤིང་། མེས་པོ་དང་འོ་མ་ལ་སྔར་ལས་ལྡབ་འགྱུར་གྱི་བརྩེ་འདང་ཞིག་འཁྲུངས།



  • ལེ་ཚན་སྔོན་མ།:གཟའ་ཉི་མའི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།