ཁེར་རྐྱང་གི་གདུང་བ།

སད་མི།        2021-06-28

སྙན་ངག་བྲིས་ཤིག་སྟོན་གྱི་ལོ་མ་བྲིས།།

ལོ་མའི་སྟེང་གི་འོད་ཟེར་ཕང་ཕུང་བྲིས།།

མུན་པ་རུབ་དུས་ནམ་མཁའི་སྐར་ཚོད་བྲིས།།

མཁའ་དབྱིངས་དེ་ནས་དབྱངས་ཅན་ཕེབས་ཚུལ་བྲིས།།

དབྱངས་ཅན་གདོང་གི་སྐྱོ་བའི་མིག་ཆུ་བྲིས།།

མིག་ཆུ་རེ་ཡིས་རྒྱ་མཚོ་འཁྱིལ་སྟངས་བྲིས།།

རྒྱ་མཚོ་ནང་གི་ཉ་མོ་འཁྱུག་ཚུལ་བྲིས།།

ཉ་མོ་འཁྱུགས་རྗེས་ཉ་པས་འཛིན་ཚུལ་བྲིས།།

ཉ་པ་དེ་ཡི་སེམས་ཀྱི་སྐྱིད་སྡུག་བྲིས།།

སྙན་ངག་བྲིས་ཤིག་རི་མགོའི་སྨུག་པ་བྲིས།།

སྨུག་པའི་ནང་གི་འཇའ་ཡི་ལྷ་མོ་བྲིས།།

ལྷ་མོའི་ཕྱོགས་སུ་སེམས་པ་ཤོར་ཚུལ་བྲིས།།

ཤོར་ནས་ཕན་ཚུན་དགའ་བའི་ཆུ་རིས་བྲིས།།

ཆུ་རིས་དེ་ཉིད་ཆུ་ཡིས་ཁུར་ཚུལ་བྲིས།།

བརྩེ་བ་དེ་ཡང་ཆུ་ཡིས་དེད་ཚུལ་བྲིས།།

སྙན་ངག་བྲིས་ཤིག་གཉུག་མའི་གཤིས་ཀ་བྲིས།།

གཤིས་ལ་ཐོགས་པའི་ནང་གི་དྲན་པ་བྲིས།།

དུས་རྒྱུན་དྲན་པའི་ཚེ་ཡི་རོགས་ལོ་བྲིས།།

ཚེ་ཐོག་གཅིག་གི་སེམས་ཀྱི་འཁེན་ས་བྲིས།།

འཁན་ས་མེད་པས་འདུག་བཟོད་མེད་ཚུལ་བྲིས།།

འདུག་བཟོད་ཡོད་ཀྱང་སྐྱིད་པོ་མིན་ཚུལ་བྲིས།།

བྲིས་ཤིག་བྲིས་ཤིག་ཚོར་འདུའི་སྙན་ཚིག་བྲིས།།

སྙན་ངག་བྲིས་ཤིག་ལྗོངས་ཀྱི་མཛེས་པ་བྲིས།།

མཚོ་མོའི་ངོགས་ཀྱི་ངང་བ་གཉི་ཀ་བྲིས།།

ངང་བ་དལ་འགྲོས་ཁྲོད་ཀྱི་སྒེག་ཉམས་བྲིས།།

དེ་ལ་ཟུར་མིག་ཡོད་མེད་ལེགས་པར་བྲིས།།

དེ་ལ་དགའ་བ་ཡོད་མེད་ཞིབ་མོར་བྲིས།།

བྲིས་ཤིག་བྲིས་ཤིག་སེམས་ཀྱི་སྙན་ཚིག་བྲིས།།



  • ལེ་ཚན་སྔོན་མ།:རྨི་ལམ་འཚོལ་བ།
  • ལེ་ཚན་རྗེས་མ།:མི་རྟག་པ།