ཕན་ཚུན་རོགས་རམ་བྱས་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་བསྐྲུན་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2021-06-28

མི་རིགས་མཐུན་སྒྲིལ་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།


ཕན་ཚུན་རོགས་རམ་བྱས་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་བསྐྲུན་བྱས།
ཁུལ་ཡོངས་ཀྱི་མི་རིགས་ཁག་གི་བུ་དང་བུ་མོ་ཚོས་ལྕགས་ཟམ་ཟམ་པའི་ཐོག་མེས་རྒྱལ་ལ་བསྟོད་གླུ་ལེན་བཞིན་པ།

ས་སྲོས་སྐབས་སུ་སྙན་ཞིང་འཇེབས་པའི་སྐོར་བྲོ་དང་ལྟ་ན་སྡུག་པའི་གཞས་བྲོ། སྤྲོ་སྣང་ལྡན་པའི་དབྱིས་རིགས་ཀྱི་ཞབས་བྲོ་བཅས་དང་དེ་བཞིན་དེང་རབས་ཀྱི་ལུས་སྦྱོང་ཞབས་བྲོ་འཁྲབ་པ་དེ་ཚོ་ནི་རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་གྲོང་ཁུལ་གྱི་ཐང་ཆེན་ཐོག་མི་རིགས་གླུ་གར་གྱི་སྟོན་མོ་ཞིག་ཏུ་གྱུར་ཡོད། དཀར་མཛེས་ཁུལ་་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་བཙུགས་པའི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཨང་དང་པོ་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཁྱེད་ཁྲོད་ང་ཡོད་པ་དང་།ངའི་ཁྲོད་ཁྱེད་ཡོད་པ། སྤུན་ཟླ་མཛའ་མཐུན་ཡིན་པ། ཕན་ཚུན་རོགས་རམ་བྱེད་པ་བཅས་ཀྱི་ཞི་མཐུན་གྱི་མི་རིགས་འབྲེལ་བ་བཟོས་ནས་མི་རིགས20ལྷག་ཙམ་དེ་སེ་འབྲུ་ལྟར་ཕན་ཚུན་དམ་པོར་འབྲེལ་མཐུན་བྱས་དང་བྱེད་བཞིན་ཡོད་པ་རེད།

རང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཤིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་མཉམ་འདྲེས་བྱ་རྒྱུར་དེ་བས་སྣང་ཆེན་གྱིས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་དོན་ཆེན་བཞི་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཤིང་། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བསྐྱངས་པ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

རང་ཁུལ་གྱིས་ལོ་ལྟར་གྱི་སྤྱི་ཟླ9པའི་ཚེས16ཉིན་དེ“ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”གཏན་འཁེལ་བྱས་པ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ནང་བཅུག་པ་དང་འབྲེལ《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པའི་ས་ཁུལ་དང་པོ་ཡིན་པར་བརྟེན། མཐུན་སྒྲིལ་ཕྱུག་འགྱུར།འཆམ་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་འཆམ་མཐུན་བརྟན་བརླིང་གི་ཁོར་ཡུག་བཟང་པོ་ཆགས་པ་བྱས་ཡོད། 2020ལོར་སླེབས་སྐབས་རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ལེགས་འགྲུབ་ངང་སྐྱོང་ཐུབ་པ་རེད།

ཕན་ཚུན་རོགས་རམ་བྱམས་སྐྱོང་བྱས་ནས་ཁྱིམ་ཚང་གཅིག་ལྟར་གྱུར།

མི་རིགས་གསུམ་པོ་ཁྱིམ་ཚང་གཅིག་ལྟ་བུའི་བརྩེ་དུང་འཆང་། ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་མངོན་འགྱུར་ཡོང་བར་བྱ་དགོས་ན་མི་རིགས་མཐུན་སྒྲིལ་ནི་གནད་འགག་ཡིན་ཞིང་། བཞི་ཡག་གི་འཚོ་བ་ནི་ཏང་ལ་བརྟེན་དགོས་པས། དྲིན་གཟོ་དང་འབད་འབུངས་ཡར་བརྩོན་གྱིས་མདུན་སྐྱོད་བྱ་དགོས། ཐེངས་རྗེས་མར་ཨེར་ཏོག་གྲོང་སྡེ་ལ་ཡོང་དུས་འགྱུར་ལྡོག་ཧང་སངས་དགོས་པ་ཞིག་འབྱུང་ངེས”ཞེས་པ་དེ་ནི་སྤྱི་ཟླ6པའི་ཚེས18ཉིན་ཁུལ་ཡོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་པ་བརྒྱད་ཟིལ་རྫོང་དཀར་གྲོང་རྡལ་ཧ་ཁྱུང་གྲོང་སྡེའི་གྲོང་མི་ཝང་ཁྲང་ཧྲེང་གིས་མང་ཚོགས་ཀྱི་འཚོ་བ་དང་བཟུང་འབྲེལ་བྱས་པའི་སྒྲོག་འགྲེལ་བྱས་པར་མཐའ་ཁ་ཡུལ་ཤོག་གི་ཨེར་ཏོག་གྲོང་སྡེའི་དབྱི་རིགས་ཀྱི་གྲོང་མི་ཚོས་ཐལ་མོའི་ཡང་ཡང་རྡེབ་པ་རེད། ཨེར་ཏོག་གྲོང་སྡེའི་ཁྱོན་དུད་ཚང320ཡི་མི་གྲངས1328ཡོད་པ་དང་དེའི་ནང་དབྱིས་རིགས་དང་བོད་རིགས། རྒྱ་རིགས་བཅས་མི་རིགས་གསུམ་ལས་གྲུབ་པ་དེའི་ནང་དབྱིས་རིགས་ཀྱིས་བརྒྱ་ཆ96བཟུང་ཡོད་པ་རེད།

“ང་ཚོའི་གྲོང་སྡེའི་མི་རིགས་གསུམ་པོས་ཕན་ཚུན་བརྟེན་ཞིང་རོགས་རམ་བྱེད་ཀྱི་ཡོད། དབྱིས་རིགས་ཀྱི་ལོ་གསར་གཏོང་སྐབས་རྒྱ་རིགས་དང་བོད་རིགས་གྲོང་མི་ གདན་དྲངས་སྲོལ་ཡོད་ཅིང་། བོད་ཀྱི་ལོ་གསར་གཏོང་དུས་་དབྱིས་རིགས་དང་རྒྱ་རིགས་གདན་དྲངས་སྲོལ་ཡོད། གྲོང་ཚོ་དེའི་འགན་འཁུར་བ་ཚོས་དགའ་སྤྲོའི་ངང་གསར་འགོད་པར་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་ལམ་བཟོ་ཁང་སྐྲུན་དང་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་ཞིང་། མི་རིགས་གསུམ་བར་ཕན་ཚུན་རོགས་རམ་བྱས་ནས་དབུལ་ཐར་འགག་སྒྲོལ་ལམ་བུའི་ཐོག་དུད་ཚང་རེ་དང་མི་རེ་མི་ལུས་པ་བྱས་ཡོད་ཅེས་བཤད་པ་རེད།

དུས་ཡུན་རིང་པོར་སྤེལ་རེས་དང་འགྲོ་འོང་ཁྲོད་ཨེར་ཏོག་གྲོང་སྡེར་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་ཆགས་ཏེ“ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་སྡེ”དང“ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་པ་རེད།

ཝང་ཁྲང་ཧྲེང་གི་ཁྱིམ་དུ་དབྱིས་རིགས་དང་རྒྱ་རིགས། བོད་རིགས་བཅས་གསུམ་འདུས་ཡོད་པས། ཁོ་ལ་རི་མོ་འབྲི་བའི་རྨང་གཞི་དང་ཤིང་བཟོ་བའི་ལག་རྩལ་ངེས་ཅན་ལྡན་པས། རང་ཁྱིམ་གྱི་སྡོད་ཁང་རྒྱག་སྐབས་སྡོད་ཁང་གི་རི་མོ་ནི་བོད་རྒྱ་དབྱིས་རིགས་ཀྱི་ཉམས་འགྱུར་དང་མཉམ་འདྲེས་བྱས་ཡོད། 1983ལོ་ནས་བཟུང་ཝང་ཁྲང་ཧྲེང་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་།མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་། ཁྱིམ་སྲོལ་བཟང་པོ་སོགས་མི་རིགས་མཐུན་སྒྲིལ་ལ་ཕན་པ་ཡོད་པའི་འབྲེལ་ཡོད་ནང་དོན་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས་ཁོ་རང་ཡང་རང་ཁུལ་གྱི་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱས་པར་མཐོང་རྒྱུ་ཡོད།

ལོ85ལ་སོན་པའི་ཝང་གཡུ་སྒྲོན་ནི་བརྒྱད་ཟིལ་རྫོང་གྲོང་དུ་བསྡད་ཡོད། མོས་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ནས1951ལོར་བརྒྱད་ཟིལ་རྫོང་ཞི་བས་བཅིངས་འགྲོལ་གཏོང་སྐབས་བཅིངས་འགྲོལ་དམག་གྲོང་དུ་བསྐྱོད་དུས་མོའི་ཨ་ཕ་ཝང་པུའུ་ཡུན་གྱིས་ཁྱིམ་མི་རྣམས་ཁྲིད་དེ་བཅིངས་འགྲོལ་དམག་མིར་དགའ་བསུ་ཞུས་པ་རེད།

“རྒྱལ་ཡོངས་ཀྱི་མི་རིགས56ཚང་མ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཡིན་པས་མཐོ་དམན་གྱི་དབྱེ་བ་མེད” ཝང་གཡུ་སྒྲོན་གྱིས་ངའི་ཁྱིམ་དུ་ཁྱིམ་མི38ཡོད། བོད་རིགས་དང་དབྱིས་རིགས། ཧུའེ་རིགས། མན་ཇུ་རིགས། རྒྱ་རིགས་བཅས་མི་རིགས5ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན། བུ་ཕྲུག6གི་བཟའ་ཟླ་རྒྱ་རིགས་དང་། དབྱིས་རིགས། ཧུའེ་རིགས་བཅས་ཡོད་པས་མཛའ་མཐུན་མཉམ་གནས་བྱས་ལོ་བཅུ་ཕྲག་ཁ་ཤས་འདས་ཡོད། ད་ཆ་ཁོ་མོ་ཚང་ནི་མི་རབས་བཞི་ཡོད་པའི་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད།

རྟའུ་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས(དེ་སྔའི་རྟའུ་རྫོང་ལྟེ་བའི་རྒན་གསོ་ཁང)ཀྱི་མགོ་འཛིན་པ་རབ་བརྟན་གྱིས2019ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ཡིན་པའི་ངོས་ནས་ཁོས་གདན་ཞུས་ལྟར་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་དམག་གཟིགས་མཛད་སྒོར་ལ་ཞུགས་པ་དང་དམག་གཟིགས་མཛད་སྒོ་ལ་ལྟད་མོ་ལྟ་རུ་བཅུག་པ་དེ་ཁོའི་ཚེ་གང་བློ་ལ་བརྟན་པོར་ངེས་སུ་བཅུག་པ་རེད་ཅེས་བཤད།

1995ལོར་གནས་སྤོས་པའི་དབང་གིས་རབ་བརྟན་གྱིས་མི་ཧྲེང་རྒན་རྒོན་ཁྲེན་ཡོན་ཏ་ངོ་ཤེས་མཐར། ཁོས་ཐེ་ཚོམ་སྤུ་ཙམ་མེད་པར་རྒན་རྒོན་ལ་ལྟ་རྟོག་བྱེད་པའི་འགན་འཁྲི་ཁུར་ནས་ལོ་ངོ19རིང་གླ་ཕོགས་ཆུང་ཆུང་ལ་བརྟེན་ནས་ཁྱིམ་ཚང་ཆུང་ངུ་དེར་འདེགས་སྐྱོར་བྱས་ཡོད། རྒན་པོས་སེམས་འགུལ་ཐེབས་བཞིན་དུ“ང་ཚེ་འདིར་ཆེས་དགའ་འོས་པ་ནི་རབ་བརྟན་ཆུང་ངོ་ཤེས་པ། ང་རང་ཡིད་ཚིམ་སོང”ཞེས་བཤད།

རབ་བརྟན་གྱིས་ཨ་མས་མི་རིགས་ཁྱད་པ་མི་བཟོས་ནས་ཨ་མྱེ་ཡག་མོ་གཡོག་དགོས་པའི་མངགས་བཅོལ་ཡིད་ལ་བཅངས་ནས་མི་ཧྲེང་རྒན་རྒོན་གྱི་བཟའ་བཏུང་དང་འགྲོ་འདུག་ལ་ལྟ་རྟོག་ཞིབ་ཚགས་བྱས་ཏེ།2014ལོར་དགུང་ལོ99ལ་སོན་པའི་ཁྲེན་ཡོན་ཏ་ཚེ་ལས་འདས་པ་རེད།

ལོ་མང་རིང་ལ་ཁོས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་སྔ་རྗེས་སུ་མི་ཧྲེང་རྒན་རྒོན81ལ་ལྟ་རྟོག་དང་ནད་སྐྱོང་བྱས་པ་རེད། ཁོས་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་རྒན་རྒོན་རྣམས་རང་ཉིད་ཀྱི་ཕ་མར་བརྩིས་ནས་ཁྲག་རྒྱུད་ལས་བརྒལ་བའི་བརྩེ་སེམས་ཟབ་མོ་བཅངས་དང་འཆང་བཞིན་ཡོད་པ་རེད།

ཐོན་ལས་འཕེལ་རྒྱས་བཏང་ནས་ལག་གདང་སྦྲེལ་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

རོང་བྲག་རྫོང་བརྒྱ་གྱུར་གྲོང་རྡལ་གྱི་ཧྭ་ཙུའུ་ཞིང་སྡེའི་མགྲོན་ཁང་གི་འགན་འཁུར་བ་ལིའུ་གོ་ཧྥང་ནི་ས་གནས་དེ་གའི་བོད་རིགས་ཤིག་རེད། མོས“ང་ཚོའི་མགྲོན་ཁང་དེ་ནི་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ཉིང་བཅུད་རེད། ང་ཚོ་དང་མཉམ་སྒྲུབ་བྱེད་མཁན་རྒྱ་རིགས་གཅེན་གཅུང་མིང་སྲིང5ཁྱིམ་ཚང་གཅིག་ལྟར་མཛའ་མཐུན་ཡིན་ཞིང་། གནད་དོན་ཆེན་པོར་ཐུག་ཚེ་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་ཀྱིན་ཡོད། རྒྱ་རིགས་གཅེན་གཅུང་མིང་སྲིང་ཚོས་ང་ཚོར་ཡིད་ཆེས་ཁེངས་ཤིང་། མ་དངུལ་འབོར་ཆེན་བཏང་ནས་ང་ཚོ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ་དྭངས་གཙང་རི་ཆུ་ནི་གསེར་རི་དངུལ་རིར་འགྱུར་དུ་བཅུག་པ་རེད”ཅེས་བཤད་པ་རེད།

ལིའུ་གོ་ཧྥང་གིས་གསར་འགོད་པར་བརྒྱ་གྱུར་གྲོང་རྡལ་དུ་ཡུལ་སྐོར་སྣེ་ལེན་ཁང་གཉེར་མཁན་དུད་ཚང200ཡོད་པ་དང་ལོ20ལ་འཕེལ་རྒྱས་གཏོང་བར་བརྒྱུད། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་ས་གནས་དེ་གའི་བོད་རིགས་དང་། རྒྱ་རིགས། ཆའང་རིགས་བཅས་མང་ཚོགས་ཀྱི་སེམས་ནང་ཟུག་ཡོད།

ཀྲང་ཆུང་ཨེ་དང་བརྒྱ་གྱུར་བོད་རིགས་གྲོང་སྡེར་ཡོང་ནས་ལོ7ལས་སོང་མེད། ད་ཆ་ཁོ་མོ་ནི་བརྒྱ་གྱུར་བོད་རིགས་གྲོང་སྡེའི་ཁོངས་མི་ཞིག་རེད། མོ་ནི་ཧྥུ་ཅན་ཞ་མེན་གྱི་མི་ཡིན་ཞིང་། ཧང་ཀྲོའུ་ཡི་ཕྱི་ཕྱོགས་ཚོང་དོན་སྤྱི་གཉེར་ཁང་ཞིག་ཏུ་ལས་དོན་སྒྲུབ་བཞིན་ཡོད་པའི་སྐབས་སུ་ཧང་ཀྲོའུ་རུ་བཟའ་བཏུང་ཞབས་ཞུའི་ལས་ཀ་བྱེད་བཞིན་ཡོད་པའི་བརྒྱ་གྱུར་བོད་གྲོང་གི་ཕོ་གསར་ཨ་བུ་དང་འཕྲོད་ནས2015ལོར་གཉེན་སྒྲིག་བྱས། དེའི་སྐབས་སུ་བརྒྱ་གྱུར་བོད་གྲོང་དུ་ཡུལ་སྐོར་ཐོན་ལས་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་ཅིང་། གཉེན་སྒྲིག་བྱས་རྗེས་ཁོ་ཚོ་བརྒྱ་གྱུར་བོད་གྲོང་དུ་ཕྱིར་ལོག་སྟེ་མགྲོན་ཁང་གཉེར་ནས་ཚོང་ཧ་ཅང་བྲིན་པོ་ཡིན་པ་རེད།

དཔལ་འབྱོར་དར་རྒྱས་ཆེ་བའི་ཞ་མེན་ནས་ཐག་རིང་ལུང་ཁུག་གི་བརྒྱ་གྱུར་བོད་གྲོང་དུ་ཡོང་སྐབས་ཀྲང་ཆུང་ཨེ་ལ་དམངས་སྲོལ་གོམས་གཤིས་མི་འདྲ་བ་མྱོང་ཚོར་ཟབ་མོ་བྱུང་ཡོད། མོའི་ཨ་ཕས་བུ་མོ་བོད་རིགས་ཕོ་གསར་བར་ཕན་ཚུན་བརྩེ་དུང་ཟབ་མོ་ཡོད་པ་ཤེས་རྗེས། མོ་ལ་མཚོ་རྒྱུད་ཀྱི་སྔོན་ཐོན་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་བརྒྱ་གྱུར་རུ་འཁྱེར་ཡོང་ནས་བོད་རིགས་མང་ཚོགས་དེ་བས་མང་པོ་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་དགོས་པའི་རེ་བ་བཏོན་པས་མ་ཚད། ད་དུང་བོད་རིགས་ཀྱི་ཕ་མར་བསྙེན་བཀུར་བྱ་དགོས་པའི་བཀའ་སློབ་གནང་བ་རེད།

ཀྲང་ཆུང་ཨེ་ཡིས་ཁྱིམ་ཚང་དེས་ང་ལ་ཁོང་ཡངས་ཡིན་ལ་ངོ་གདོང་དམར་པོ་གཏན་ནས་བྱས་མ་མྱོང་། ངས་ཀྱང་མར་ཇ་བསྲུབས་མ་འཐུང་བ་དང་རྩམ་པ་ཟ་ཤེས་པར་མ་ཟད། སྐབས་རེ་བོད་རིགས་ཀྱི་དམངས་གཞས་ཀྱང་གཏོང་ཤེས་ཀྱི་ཡོད་ཅེས་བཤད།

རང་ཁུལ་གྱིས་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་ངང་སྤེལ་ཞིང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བརྒྱད་སྐྱོད”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ཆ་སྒྲིག་མཉམ་སྐྲུན”ལག་ལེན་བསྟར་བ། བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད། འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དམ་འཛིན་བྱས་ཏེ། ས་ཁོངས་ཡོངས་སུ་ཡུལ་སྐོར་དང་། སྐྱེ་ཁམས་ནུས་ཁུངས། ཁྱད་ཆོས་ཐོན་ལས། ས་ཁོངས་འཕེལ་རྒྱས།ཡུལ་སྡེ་འཛུགས་སྐྱོང་། ཕྱི་ཕྱོགས་སྒོ་འབྱེད་བཅས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་བཏང་ཡོད། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་བྱས་ནས་ལས་ཞུགས་དང་སློབ་གསོ། སྡོད་ཁང་། སྨན་བཅོས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་མུ་མཐུད་་ནས་ལེགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དམངས་འཚོའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད།།





  • ལེ་ཚན་སྔོན་མ།:ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:རིག་གནས་ཀྱིས་མཐོ་སྒང་ལ་འཕེལ་ཁའི་གསོན་ཉམས་སྟེར།
  • དོ་སྣང་ཆེ་བའི་རྩོམ།