ཐོབ་ཤོར།

གཞི་ཚང་ཟླ་བ་གྲགས་པ།        2021-06-18

ཕ་ཡུལ་རྩྭ་ཐང་བརྒྱུད་དུས།།

ཁྱེད་ནི་མེ་ཏོག་ཅིག་རེད།།

བདག་ནི་སྦྲང་སེར་ཡིན་འདུག།

གཞོགས་སུ་བཅར་བ་བྱས་སྐད།།

ལྷག་ལྷག་བགད་པའི་འཛུམ་གྱིས།།

དལ་གྱིས་བསུ་མ་བྱེད་དུས།།

དབྱར་དུས་སྐད་ཅིག་ཡིན་ཡང་།།

འགྱོད་པའི་སེམས་པ་མི་འདུག།

ཉིན་ཞག་དུས་ཀྱིས་འཁོར་ནས།།

ཕལ་ཆེར་སྟོན་ལ་ཉེ་དུས།

ཆ་མེད་ཡུལ་གྱི་རླུང་བུ།།

གློ་བུར་ལྡང་བ་དྲགས་པས།།

ཁྱེད་ཀྱང་ངེས་མེད་ཅིག་ཏུ།

མི་འགྲོ་བྱ་ཐབས་མེད་པའི།།

ལས་ཤིག་མགོ་ཐོག་བབས་པས།།

འདི་ལྟར་བྲལ་དགོས་བྱུང་སོང་།།

ཟླ་བ་ཡིན་པའི་ཁྱེད་རང་།།

རྒྱང་རིང་ཡུལ་ནས་འཕགས་ཏེ།།

ནམ་མཁར་ཤར་བ་གོ་ན།།

མགོ་ཐོག་སྤྲིན་ནག་འཁྲིགས་ཀྱང་།།

ཤར་གྱི་རྒྱ་མཚོའི་ནང་དུ།།

ཁྱེད་རང་འགྲོ་བ་གོ་བས།།

བདག་ནི་གཙང་འགྲམ་བསྡད་དེ།།

ཆུ་བོ་བང་ཆེན་བྱས་མྱོང་།།

ཆུ་བོ་བསམ་མེད་ཡིན་པས།།

ལམ་ནས་རུལ་བར་བྱས་སམ།།

ཟླ་བ་སེམས་མེད་ཡིན་པས།།

མིག་གིས་བལྟས་པ་མིན་ནམ།།

སེམས་ཀྱི་ཡིག་འབྲུ་དྭངས་མས།།

སྐད་ཆ་དྲིས་པ་ཡིན་ན།།

ཁྱེད་ཀྱིས་ལན་ནི་མ་གནང་།།

སེམས་ནས་བོར་བ་ཡིན་ནམ།།

ཁྱེད་ནི་འཇའ་ཞིག་ཡིན་ནམ།།

ཕྱི་རོལ་ཞིང་ལ་ཤར་འདུག།

ཐང་གི་ཅོལ་ཆུང་བྱིས་པ།།

ང་རང་ཡིན་པ་ཤ་སྟག།

ཟོལ་མེད་ལག་ཟུང་སྙོམས་པོས།།

ཁྱེད་ཀྱི་ལུས་ལ་རེག་ཚེ།།

གཟུགས་མེད་ཅིག་ཏུ་འགྱུར་བ།།

འཕྲལ་གྱི་སྟེས་དབང་མ་རེད།།

སེམས་ཀྱི་རྨི་ལམ་ཆུང་ཆུང་།།

འདི་ལྟར་སྟོང་པ་དྲན་ན།།

རྔ་མོང་བུ་སྟོར་མ་དེ།།

ཧ་ཅང་ང་རང་འདྲ་བྱུང་།།

བྱེ་ཐང་ངུ་བཞིན་བོས་ཀྱང་།།

འབོད་བྱའི་དངོས་པོ་མེད་པ།།

ཚུལ་དེ་སུ་ཡིས་མཐོང་ངམ།།

ལན་གཅིག་ཕན་པར་བྱེད་དམ།།

ན་ཟླའི་ངག་ལ་མཉན་ན།།

ཁྱེད་ནི་རི་རྒྱབ་འདུག་ཅེས།།

རྣ་ལམ་ཞོག་པ་འདུག་ཀྱང་།།

ང་ནི་དེ་རུ་མི་འཕུར།།

བདག་ནི་སྦྲང་སེར་མ་ཡིན།།

བྲག་གི་ཐེམ་པ་སྡོད་པའི།།

རྒོད་པོ་གཤོག་ཆད་ཡིན་པས།།

རྒྱུ་མཚན་དེ་ལྟར་རེད་འདུག།



  • ལེ་ཚན་སྔོན་མ།:ཨ་མྱེས་བྲག་དཀར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།