ཕུ་ནུ་ཚོ་ང་ཡོང་གིན་ཡོད།

ཚོར་བ།        2021-06-18

ངའི་སློབ་དཔོན་དམ་པའི་ཞལ་གྱི་བུམ་བཟང་ལས་རོ་བཅུད་རྫོགས་པའི་བདུད་རྩིའི་མངར་ཁ་ལྡག་གིན། རང་ནུས་ཀྱིས་རོལ་མྱོང་བྱས་པའི་བཟོ་ལྟ་འདིས་སེམས་པ་གཏིབ་བཞིན། ཕུ་དུད་དང་མོས་གུས་ཀྱི་རེ་རེ་ལ་གྱེས་ཕྱག་འཚལ་ཏེ་གཉོམ་དུང་དུང་གིས། ཁོང་ཚོ་སྟིམ་བཞིན་པའི་ལས་སྐལ་འདིས་སེམས་པ་འདེགས་ཀྱིན། རེ་བ་དང་ཆོག་ཤེས་སེམས་སུ་ཉར་ནས་ང་ཡོང་གིན་ཡོད།

ཡིད་རྟོན་དང་རེ་བཞག་གིས་ཁེངས་པའི་ང་ཚོ་ལ་ནན་ཏན་གྱིས་གྱེས་ཁའི་ཞལ་གདམས་དྲོན་མོ་ལྷུག་ལྷུག་ཏུ་སྩལ་ཞིང་། གསེར་གྱི་ལེ་ཉི་མ་ལས་ལྷག་པའི་ཐུགས་རྒྱུད་དང་འཛུམ་གསལ་ལེ་ཟླ་ཤེལ་ལས་དཀར་བའི་འོད་སྣང་གི་ཀློང་ནས། འཛུམ་དམུལ་དམུལ་གྱི་རང་མདངས་མངོན་གྱིན། མཐར་ཐུག་གི་ལས་དོན་ལ་དགེ་ལེགས་འབྱུང་བའི་ཤིས་ཚིག་གི་མེ་ཏོག་གཏོར་ཞིང་། ཁ་དྲོ་བཀྲ་ཤིས་ཡོང་བའི་སྨོན་ཚིག་ཀ་ར་ལས་མངར་ཞིང་སྦྲང་རྩི་ལས་ཞིམ་པའི་རོ་བཅུད་འདི་དུང་སྣང་གི་གསོས་སུ་སིམ་སོང་། རྒྱལ་ཁ་དང་གཟི་བརྗིད་རུམ་ལ་བཅུག་ནས་ང་ཡོང་གིན་ཡོད།

འཁྲེང་སེམས་དང་ཞེ་འདང་ཡོད་ཚད་ཁྱུར་མིད་དུ་བཏང་ནས་མིག་ཆུས་ཡིད་སེམས་བརླན་ཏེ། འཁྱག་སིབ་སིབ་ངང་། ངའི་སྙིང་ཁོང་རུས་པའི་གསེང་ན་ལྷོག་ལྷོག་ཏུ་འཕྱུར་བ་ནི། འཛད་མཐའ་བྲལ་བའི་ཁོང་རྣམ་པའི་ཐུགས་བསྐྱེད་རྒྱ་མཚོ་བཞིན་སྐྱོམ་པའི་བྱེད་ལས་ཏེ། གངས་རིའི་ཚེ་སྲོག་ལ་སྟིམ་པའི་སེམས་བསྐྱེད། ཡོད་ཚད་ལ་འོད་སྣང་སྒྲོན་པའི་དན་རྟགས། འདི་དག་ནི་ངོ་མ་སྤྲོ་ལྷུང་ལྷུང་གི་རྟུལ་ཞུགས་ཤིག་མ་ཡིན་ནམ། བརྗོད་སེམས་བྲལ་ཏེ་དུང་སྣང་གིས་བཟི་བའི་ང་ཡོང་གིན་ཡོད།

ཕུགས་བསམ་དང་དན་རྟགས་ཡོད་ཚད་ཁོང་ཚོར་སྒྲོན་གྱིན། དགའ་ཀྲིག་ཀྲིག་གི་སེམས་པའི་ཀློང་ན་ཡལ་མེད་ཀྱི་འོད་མདངས་ལམ་ལམ་དུ་འཚེར་བའི་ཁོང་ཚོ། ངོ་མ་མི་རིགས་ཤིག་གི་ཕུར་ཚུགས་མངོན་གྱིན། དྲང་བདེན་དང་རིགས་ཞེན་གྱི་རྨི་ལམ་རྒུམ་པའི་སྐྱ་རེངས་གསལ་བོ།

བློས་མི་དཔོག་པའི་ལོ་རྒྱུས་ཀྱི་རྡོ་རིང་། བརྗོད་མི་ཐུབ་པའི་མི་རིགས་ཤིག་གི་བློས་བསླངས། ང་དང་གངས་རིའི་བསྟི་གནས་སུ་གྱུར་ཡོད་པའི་གླིང་ག་འདི་ནས། ངས་འཁྲེང་སེམས་དང་མིག་ཆུ་ཡོད་ཚད་སེམས་སུ་བསྒྲོན་ནས་ང་ཡོང་གིན་ཡོད།

དུང་བ་དང་མིག་ཆུས་སྐྱོམ་པའི་ངའི་རང་ཉིད་ལ་སེམས་གསོ་ཐེངས་དུ་མར་བྱེད་ཀྱིན། དགའ་བ་མང་དྲགས་པའི་རྐྱེན་ཡིན་ནའང་ཐང་། གང་ལྟར། འཚོལ་བཞིན་པའི་ལས་སྐལ་འདིས་གཏིབས་སོང་བས་ང་བྱ་རྒོད་པོ་ཚང་ནས་འཕུར་བ་ལྟར། རྒྱ་ཆེ་བའི་མཐོངས་དབྱིངས་སུ་ཤེད་ཤུགས་ཀྱིས་བསྐྱོད་པའི་གཤོག་ཟུང་བརྐྱངས་ཏེ་ང་ཡོང་གིན་ཡོད།



  • ལེ་ཚན་སྔོན་མ།:སེམས་མི་སྐྱིད་དུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།