ལོ་རྒྱུས་ཡིག་ཚགས་སུ་ཉར་བའི་གསར་བརྗེའི་དྲན་ཤེས།

མཁས་གྲུབ་ཀྱིས་བྲིས།        2021-06-18

བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ ཤིང་གི་ཐམ་ཀའི་གནས་ཚུལ་རགས་བཀོད།

ལོ་རྒྱུས་ཡིག་ཚགས་སུ་ཉར་བའི་གསར་བརྗེའི་དྲན་ཤེས།

ཉི་ཟླ་གཅིག་མཐུན་གྱི་བཟོ་དབྱིབས་དང་བོད་རྒྱའི་ཡི་གེ་ཤན་སྦྱར་བརྐོས་པའི་ཤིང་གི་ཐམ་ཀ་དེའི་མཐོ་ཚད་ལ་ལི་སྨི1.5དང་།ཞེང་ཚད་ལ་ལི་སྨི12ཡོད་ཅིང་།ཐམ་ཀའི་ངོས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི“བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཐམ་ཀ”ཞེས་བཀོད་འདུག

ཐམ་ག་ཆུང་ཆུང་དེ་ཁུ་སིམ་མེར་དཀར་མཛེས་ཁུལ་ཡིག་ཚགས་ཁང་གི་ཤེལ་གྱི་འགྲེམས་སྒམ་ནང་ཉར་ཚགས་བྱས་ཡོད་ཅིང་། དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས30པའི་ནང་བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ཤིང་གི་རྒྱུ་ཆ་ལས་གྲུབ་པའི་ཐམ་ཀ་ཞིག་ཡིན་པ་དང་། དེའི་རྒྱབ་ན་བོད་རྒྱ་འོ་ཆུ་གཅིག་འདྲེས་ལྟ་བུའི་བརྩེ་བ་དང་སེམས་འགུལ་རབ་ཏུ་ཐེབས་པའི་གཏམ་རྒྱུད་གང་མང་ཡོད།

ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་བྱས་ནས་རང་ཁུལ་དུ་སླེབས་སྐབས་རང་ཁུལ་གྱི་བོད་རིགས་མི་དམངས་རྣམས་ལ་རོགས་སྐྱོར་བྱེད་ཕྱིར“བོད་པ་སྲིད་གཞུང”ཞེས་པ་འཛུགས་རོགས་བྱས་པ་དང་། དེ་ནི་དམར་དམག་གིས་མི་རིགས་ས་ཁུལ་དུ་མི་རིགས་རང་སྐྱོང་སྲིད་དབང་འཛུགས་རྒྱུའི་ཚོད་ལྟ་བྱེད་ཐེངས་དང་པོ་དེ་རེད། དམར་དམག་གིས་དཀར་མཛེས་བོད་རིགས་ས་ཁུལ་དང་འབྲེལ་ཡོད་ས་ཆ་རུ་ཐོག་མར་བཙུགས་པ་ནི་རྫོང་རིམ་པའི་བོད་པ་སྲིད་གཞུང་ཡིན་པ་དང་།རྫོང་རིམ་པའི་བོད་པ་སྲིད་གཞུང་བཙུགས་པའི་རྨང་གཞིའི་ཐོག་ནས་ཡང་བོད་པ་ཀྲུང་དབྱང་གསར་བརྗེའི་སྲིད་གཞུང་གྲབས་འཛུགས་བྱས་པ་རེད། བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་དམར་དམག་དཔུང་ཕྱོགས་བཞི་པས་བོད་རིགས་འདུས་སྡོད་ཁུལ་དུ་བཙུགས་པའི་བོད་རིགས་མི་དམངས་ཀྱི་གསར་བརྗེའི་སྲིད་དབང་ཞིག་ཡིན་ཞིང་།ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུར་རྨང་གཞི་བཏིང་པ་རེད།

དམར་དམག་དཔུང་ཕྱོགས་བཞི་པ་ཁམས་བྱང་ས་ཁུལ་དུ་འབྱོར་རྗེས།དམར་དམག་དཔུང་ཕྱོགས་གཉིས་པ་དང་དྲུག་པའི་འཐབ་ཇུས་སྤོ་སྐྱོད་བྱེད་པའི་ཆེད་དུ་ཁོང་ཚོ་དམག་དཔུང་མཉམ་འཛོམས་སུ་ཡོང་བར་བསུ་མ་ཞུ་བ་དང་།བྱང་སྐྱོད་ཀྱི་དམག་འཐབ་གྲ་སྒྲིག་ལེགས་པོ་བྱས་ཤིང་།ཁམས་བྱང་དུ་གསར་བརྗེའི་གནས་གཞིའི་ས་ཁུལ་འཛུགས་མགོ་བརྩམས་པ་རེད། 1936ལོའི་ཟླ3པར།རྟའུ་རུ་ཧྲའོ་ཧྲི་ཕིང་ཧྲུའུ་ཅིར་བཀོད་པའི་ཀྲུང་གུང་ཁྲོན་ཁམས་ཞིང་ཆེན་ཏང་ཨུ་བཙུགས་ཤིང་།ཁམས་བྱང་ས་གནས་ཏང་གི་ཆེས་མཐོ་བའི་མགོ་ཁྲིད་ལས་ཁུངས་བྱས་པ་རེད། ཁམས་བྱང་ལ་ཡོད་པའི་དུས་སུ་དམར་དམག་དཔུང་ཕྱོགས་བཞི་པས་བོད་རིགས་མི་དམངས་རྣམས་ལ་རོགས་རམ་བྱས་ཏེ་སྔ་རྗེས་སུ་མགར་ཐར་དང་།རྟའུ།བྲག་མགོ།དཀར་མཛེས།ཉག་ཆུ་ཁ།ཉག་རོང་བཅས་རྫོང་རིམ་པ6གི་བོད་པ་མི་དམངས་སྲིད་གཞུང་བཙུགས་པ་རེད།

ལོ་རྒྱུས་ཡིག་ཚགས་སུ་ཉར་བའི་གསར་བརྗེའི་དྲན་ཤེས།
    ཁུལ་ཡིག་ཚགས་ཁང་གི་མགོ་དཔོན་གཞོན་པ་ཞུང་ཅན་གྱིས་ཤིང་གི་ཐམ་ཀ་དེའི་འབྱུང་ཁུངས་གསལ་བཤད་བྱེད་སྐབས།“རྫོང་རིམ་པའི་བོད་པ་སྲིད་གཞུང་བཙུགས་རྗེས་གཞི་ནས་གཅིག་གྱུར་གྱི་བོད་པ་སྲིད་གཞུང་འཛུགས་རྒྱུའི་ཆ་རྐྱེན་འཛོམས་ཡོད་པ་རེད། 1936ལོའི་སྤྱི་ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་གྱི་བར།དཀར་མཛེས་རྫོང་གྲོང་དུ་བོད་པ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། སྡེ་དགེ་དང་དཀར་མཛེས།བྲག་མགོ།རྟའུ།མགར་ཐར།ཉག་རོང་།དཔལ་ཡུལ།འདན་ཁོག སེར་ཤུལ། ཉག་ཆུ་ཁ།ཆུ་ཆེན། བཙན་ལྷ་སོགས་རྫོང་ཁག16གི་འཐུས་མི700ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། སྤྱི་ཟླ5པའི་ཚེས5ཉིན།ཚོགས་ཆེན་ཐོག《བོད་པ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས།བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་།ཀྲུང་ཧྭ་སུའུ་ཝེ་ཨེ་ནུབ་བྱང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཁོངས་སུ་གཏོགས་པ་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་ཀྲུང་དབྱང་སྲིད་གཞུང་གི་མགོ་ཁྲིད་ཁོངས་མི་འདེམས་བསྐོ་བྱས་པ་དང་།བྱ་རྒོད་སྟོབས་ལྡན་ཀྲུའུ་ཞི་ལ་འདེམས་པ་དང་།དར་རྒྱས་དང་ཁང་གསར།དགེ་སྟག་བཅས་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས་ཤིང་།ཚང་མ་བོད་རིགས་ཡིན་པར་མ་ཟད།ཀྲུང་དབྱང་སྲིད་གཞུང་གི་ཆབ་སྲིད་རྩ་འཛིན་དོན་ཚན་བཅུ་ཁྱབ་བསྒྲགས་བྱས་པ་རེད”ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན།བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་ངོ་བོ་ལྡན་པའི་བོད་རིགས་ས་གནས་རང་སྐྱོང་སྲིད་གཞུང་ཞིག་ཡིན་ཞིང་།དེའི་ཀྲུའུ་ཞི་དང་།ཀྲུའུ་ཞི་གཞོན་པ།སྲིད་གཞུང་སྒྲིག་གཞིའི་པུའུ་ཁག་གི་པུའུ་ཀྲང་བཅས་ཚང་མ་ནི“དམངས་སྐྱོབ་ཅང་འཇོམས”ལ་མོས་མཐུན་ཡོད་མཁན་གྱི་ཡུལ་དཔོན་དང་མགོ་པ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མགོ་ཁྲིད་བྱེད་པའི་ཆེད་དུ།ཏང་དང་དམར་དམག་གིས་ཀྲུང་གུང་ཁྲོན་ཁམས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲའོ་ཧྲི་ཕིང་བོད་པ་མི་དམངས་སྲིད་གཞུང་གི་ཏང་གི་སྐུ་ཚབ་ཏུ་མངགས་ཤིང་།ལིའུ་ཧྲའོ་ཝུན་གྱིས་བློ་འདྲི་བའི་འགན་ཁུར་བ་རེད།

བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ལས་ཁུངས་ཁང་གསར་ཐོག་བརྩེགས་ཁང་ཆེན་དུ་བཙུགས་པ་དང་།སྤྱི་གཉེར་ཐིང་དང་དམག་དོན་པུའུ།དམངས་སྲིད་པུའུ།ཞིང་ལས་པུའུ།འབྲོག་ལས་པུའུ།ཁྲིམས་འཛིན་པུའུ།ཆོས་ལུགས་པུའུ།རྒྱལ་ཁབ་ཆབ་སྲིད་ཞིབ་དཔྱོད་ཁྲུའུ་སོགས་དོན་བྱེད་ལས་ཁུངས་བཙུགས་ཡོད།སྲིད་གཞུང་རྩ་འཛུགས་ཀྱིས་རྩ་གནད་ལྟར།བོད་པ་སྲིད་གཞུང་ནི་བོད་པ་མི་དམངས་ཡོངས་ཀྱིས་འཐུས་མི་འདེམས་སྒྲུག་བྱས་ནས་གྲུབ་པ་དང་།ལོ16ཡན་ལ་ཟིན་ཞིང་།ཕོ་མོ་དང་ཆོས་ལུགས།མི་རིགས་སོགས་ཀྱི་དབྱེ་བ་མེད་པ་ཚང་མར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད་པར་མ་ཟད།སྲིད་གཞུང་དང་དམག་ཞབས་ཞུ་བར་ལྟ་སྐུལ་བྱེད་པའི་དབང་ཆ་དང་འོས་འགན་ཡང་ཡོད་ཅེས་གཏན་འབེབས་བྱས་ཡོད། དུས་མཚུངས་སུ་ད་དུང་ཀྲུང་དབྱང་དང་།ཆུས།ཡུལ་ཤོག གྲོང་སྡེ་བཅས་ཀྱི་རྩ་འཛུགས་གྲུབ་ཆ་གཏན་འཁེལ་བྱས་པ་དང་ལས་འགན་འཁུར་ཡུན་སོགས་ཀྱི་དུས་ཚོད་གཏན་འཁེལ་བྱས་པ་རེད།

ཆར་རླུང་ཁྲོད་ཀྱི་ལོ་ཟླའི་ནང་བོད་རིགས་མི་དམངས་ཀྱིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་དམར་དམག་ལ་བཅངས་པའི་དྲན་གདུང་མཚོན་པར་བྱེད་ཀྱི་ཡོད།བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ཐམ་ཀ་དེ་ནི་སྐབས་དེ་དུས་བོད་རིགས་མི་དམངས་ཀྱིས་སྲུང་སྐྱོང་བྱས་པའི་གསར་བརྗེའི་རིག་དངོས་ཤིག་རེད།

ད་ལོའི་ཟླ3པར།སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་རིམ་ཁག་དང་རིགས་ཁག་གི་ཡིག་ཚགས་ཁང་གིས་འོས་སྦྱོར་བྱས་པའི་རྩ་ཆེའི་ཡིག་ཚགས་ནང“དྲན་ཐོ100”ཡི་བྱེད་སྒོའི་ཐོག་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་དམར་པོའི་རྩ་ཆེ་ཡིག་ཚགས་ཀྱི་མིང་གཞུང་ཚན་པ་དང་པོ100དཔྱད་འདེམས་བྱས་ནས“དྲན་ཐོ100”ཡི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད། དེའི་ནང་རང་ཁུལ་གྱིས་འོས་སྦྱོར་བྱས་པའི་དུས་རབས་ཉི་ཤུ་པའི་ལོ་རབས30པར་བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ཤིང་གི་ཐམ་ཀ་དེ་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།

ཁུལ་ཡིག་ཚགས་ཁང་གསར་སྤེལ་མཉམ་ལས་ཁོའོ་ཡི་ཁོའོ་ཀྲང་ཝང་ཞུའེ་ཧྥུང་གིས“ད་ཐེངས་བདམས་ཐོན་བྱུང་བར་བརྒྱུད་དེ་བས་མང་བའི་མི་རྣམས་ཀྱིས་ཤིང་གི་ཐམ་ག་དེའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཟབ་མོར་ཤེས་རྟོགས་བྱུང་བ་མ་ཟད།ད་དུང་ལོ་རབས་དེ་དག་གི་རིང་གཏིང་ཟབ་པའི་གསར་བརྗེའི་དྲན་ཤེས་ངོ་མར་སྔར་བས་ཤེས་རྟོགས་ཐུབ་རྒྱུ་རེད”ཅེས་གསར་འགོད་པར་བཤད།

ལོ་རྒྱུས་ནི་ཆེས་ཡག་ཤོས་ཀྱི་སློབ་དེབ་ཅིག་ཡིན་ཞིང་།རྒྱང་སྐྱོད་ནི་དྲིལ་བསྒྲགས་རུ་ཁག་ཅིག་དང་།རྒྱང་སྐྱོད་ནི་སོན་འདེབས་འཕྲུལ་འཁོར་ཞིག།རྒྱང་སྐྱོད་ནི་བསྒྲགས་གཏམ་ཡིག་ཆ་བཅས་ཡིན་པས། གསར་བརྗེའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་དམར་དམག་གིས་ཕྱོགས་གཅིག་ནས་དམག་སྐྱོད་འཐབ་འཛིང་བྱེད་པ་དང་།ཕྱོགས་གཅིག་ནས་སྟོབས་ཤུགས་ཡོད་རྒུས་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ནས་གསར་བརྗེའི་ས་བོན་བཏབ་ཡོད་པ་རེད།

བོད་པ་སྲིད་གཞུང་གི་འབོད་སྐུལ་འོག་ཁམས་བྱང་མི་རིགས་ཁག་གི་མི་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་དམག་ལ་ཞུགས་པ་དང་།རོང་བྲག་རྫོང་གི་བྲག་སྟེང་ཡུལ་ཤོག་ཁོ་ནར་མི270ལྷག་ཙམ་དམར་དམག་ལ་ཞུགས་པ་རེད། དམར་དམག་དཔུང་ཤོག་སུམ་ཅུ་པས་རྟའུ་དང་།བྲག་མགོ།དཀར་མཛེས་བཅས་སུ་དམར་དམག་མི་གྲངས200རྒྱ་བསྐྱེད་བཏང་། བོད་པ་སྲིད་གཞུང་གིས་བོད་རིགས་ཀྱི་ན་གཞོན་དང་དར་མ་རྣམས་ལ་སྐུལ་སློང་བྱས་ཏེ་རང་སྲུང་དམག་བཙུགས་པ་དང་།དེ་རྗེས་རིམ་པ་བཞིན་ཁག་དང་ཁག་བྱས་ནས་བོད་པ་སྲིད་གཞུང་གིས་བཀོད་འདོམས་བྱས་པའི་རང་སྲུང་དམག་སོགས་ས་གནས་ཀྱི་དྲག་ཆས་པ་ཚང་མ་སྒྲིག་འཛུགས་བྱས་ནས་དམར་དམག་གི་དཔུང་སྡེར་ཞུགས་པ་རེད།གཞན་ཡང་དམར་དམག་དཔུང་ཕྱོགས་བཞི་པ་ཐེངས་གཉིས་པར་བྱང་སྐྱོད་བྱེད་སྐབས་བོད་པ་ཀྲུང་དབྱང་སྲིད་གཞུང་གིས་མི100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དམར་དམག་ལ་ལམ་སྣེ་འཁྲིད་པ་དང་ཡིག་སྒྱུར་བྱས་པར་བརྟེན་དམར་དམག་རྣམས་བདེ་བླག་ངང་གངས་རི་བརྒལ་ནས་རྩྭ་ཐང་ཐོག་བསྐྱོད་ཐུབ་པར་བྱུང་ཡོད།

ཝང་ཞུའེ་ཧྥུང་གིས“དམར་དམག་ཚོ་མུ་མཐུད་དུ་བྱང་བསྐྱོད་མ་བྱེད་གོང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་གོས་ཆེན་དམར་པོའི་ཐོག་དགེ་སྟག་སྤྲུལ་སྐུ་ལ‘དམར་དམག་གི་གྲོགས་པོ།བོད་མིའི་གཙོ་འཛིན།’ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་བྲིས་གནང་བ་དང་།རང་ཉིད་ཀྱི་ཟུར་བརྒྱད་དམག་ཞྭ་དགེ་སྟག་སྤྲུལ་སྐུ་ལ་ཕུལ་བ་རེད།ཁོང་གིས་ཞྭ་མོ་དེ་ཁྱེད་ལ་ཕུལ་བ་ཡིན།དེ་མཐོང་བ་ན་དམར་དམག་མཐོང་བ་དང་གཅིག་མཚུངས་ཡིན་ཞེས་དང་། ཉུང་ན་ལོ5དང་མང་ན་ལོ15ཡི་ནང་ང་ཚོ་སླར་ཡང་ཕྱིར་ལོག་ཡོང་ཞེས་ཟེར་བ་རེད”ཅེས་བཤད་པ་རེད།

བཅིངས་འགྲོལ་བཏང་རྗེས་དགེ་སྟག་སྤྲུལ་སྐུ་ཞི་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་རེད། 1950ལོར།མའོ་ཙེ་ཏུང་དང་ཀྲུའོ་ཏེ་གཉིས་ཀྱིས་གློག་འཕྲིན་བཏང་ནས་ཁོང་ཉིད་ཨུ་ཡོན་གྱི་ཐོབ་ཐང་ལྟར་ཆེད་དུ་གདན་འདྲེན་ཞུས་ཏེ་ཆབ་སྲིད་གྲོས་མོལ་ཚོགས་འདུར་ཞུགས་པ་རེད། ཁོང་ཉིད་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཉེན་ཁར་མ་འཛེམས་པར་བོད་དུ་ཕེབས་ནས་བོད་ས་གནས་སྲིད་གཞུང་ལ་ཞི་བའི་བཅིངས་འགྲོལ་ཐོབ་རྒྱུའི་ཁ་ཏ་བསླབ་བྱ་གནང་བ་རེད། ཁོང་གིས་ཀྲུང་དབྱང་ལ་སྤྲིངས་པའི་ཡིག་ལན་ནང“བོད་བཅིངས་འགྲོལ་བཏང་རྗེས་ང་སླར་ཡང་ཚོགས་འདུར་ཞུགས་པར་ཡོང་གི་ཡིན”ཞེས་གསུངས་ཡོད། འོན་ཀྱང་དགེ་སྟག་སྤྲུལ་སྐུ་པེ་ཅིན་ལ་ཕེབས་ཁོམ་བྱུང་མེད་དེ།ཁོང་རང་བོད་ལྗོངས་ལ་འགྲོ་བའི་ལམ་བར་དུ་དབྱིན་ཇིའི་གསང་མྱུལ་བ་ཧྥུ་ཐེ་ཡིས་སྐུ་གྲོངས་པ་དང་།སྐུ་གཤེགས་སྐབས་དགུང་ལོ47ཙམ་ལས་ཟིན་གྱི་མེད། ཁོང་ཉིད་དེ་ལྟར་སྐུ་གཤེགས་ཀྱང་རྒྱལ་གཅེས་ཀྱི་སྙིང་སྟོབས་ནམ་ཡང་གཟེངས་སུ་ཐོན་ཏེ།རྒྱ་བོད་ཁྱིམ་ཚང་གཅིག་དང་དམག་དམངས་ཁྱིམ་ཚང་གཅིག་གི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་ཆུ་རྒྱུན་རིང་མོ་ཡུན་ནས་ཡུན་དུ་བཞུར་བཞིན་ཡོད་དོ།།




  • ལེ་ཚན་སྔོན་མ།:ཁྱོད་ལ་རྟ་རྩལ་ཡོད་ན…ད་ཤོག་ཡ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།