སྣང་བའི་སྣ་གླུ་བརྡོལ་བའི་ཚིག་གི་བུ་མོ།

མགར་ཐང་དཀར།        2021-06-17

ཨེ་མ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི།།

རྒྱན་གྱི་ཁ་ཞག་ཅིག་གེར་སྙན་ངག་བསྟོད།།

ཀྱི་ཧུད་བརྡ་ལ་གོ་ནོར་ཐེབས་པའི་མི།།

འབྱུང་འགྱུར་དཔལ་ཡོན་ལམ་དུ་ཞུགས་སུ་གསོལ།།

ཚིག་གིས་མཚོན་པ་མིག་གིས་མི་མཐོང་ཞིང་།།

མིག་གིས་མཐོང་བ་ཚིག་གིས་མི་ཟིན་པའི།།

མངོན་པ་ལྐོག་དང་ལྐོག་པ་མངོན་གྱུར་བ།།

ཨེན་ཙམ་ལུས་པའི་ལམ་གྱི་ཟིན་ཐོ་ཞིག།

ངག་རིག་བདུད་རྩི་གྲོལ་བའི་གངས་ཅན་ལྗོངས།།

ཚིག་གི་ཞིམ་སྣང་སྒོམ་པའི་དེང་རབས་ཅན།།

རྒྱན་གྱི་ནེའུ་གསེང་གཡུ་ལོའི་དགའ་ཚལ་དུ།།

དཔལ་གྱིས་ཁྱབ་ཅིང་དགེ་མཚན་རྒྱས་གྱུར་ཅིག།

རྩ་བ་ཟབ་ཚད་སྣང་བའི་ཕར་ནང་དང་།།

རྩེ་མོའི་མཐོ་ཚད་ལྷུན་པོའི་བང་རིམ་སོགས།།

བལྟས་པ་ཙམ་གྱིས་སོར་མོ་རྒུད་འགྲོ་བའི།།

ཚིག་གི་གུར་ཁང་སྒོ་མེད་ཨ་རེ་མཚར།།

ཧམ་པས་རི་ཀླུང་ཀུན་ལ་བྲག་ཅ་བཏང་།།

སྣང་བ་གདུང་བས་བཟི་དེ་དངན་པ་ཤོར།།

ཚིག་གི་སྐ་རག་བཅིངས་པའི་འབྲོག་ཕྲུག་ཅིག།

གཏམ་གྱི་ཁ་ཆར་ཁྲོད་ནས་སྣ་གླུ་ཤོར།།

རྒྱང་མིག་ཟུར་ཙམ་སྤྲད་པ་ཚིག་གིས་བཅུམས།།

ལན་ཆགས་རི་རབ་ཙམ་ཞིག་རྒྱབ་ལ་ཁུར།།

མིག་ཆུ་རྒྱ་མཚོ་ཙམ་ཞིག་ཞེ་རུ་བླུགས།།

ཨ་ཐང་ཆད་དེ་མི་ཚེར་ཚིག་གིས་གཙེས།།

ཆ་ཡ་མཚོན་དུ་མེད་པའི་ཟང་ཟིང་གྲོང་།།

སྙིང་གཏམ་དམར་རྗེན་ག་ལེར་གློད་དགོས་ཨང་།།

ཚིག་ལ་ཕྱི་ཤན་མཐུག་པའི་ཕ་གིའི་སྡེ།།

སྣང་བའི་བག་མ་སུ་ཡིས་ལེན་ནུས་སམ།།

ས་ཆེན་གཉིད་ལ་ཤོར་བའི་འཇིག་རྟེན་གྱི།།

མི་དང་མི་མིན་འགྲོ་བ་མཐའ་དག་པ།།

བྱེ་མའི་རི་ནས་འགྲེ་ལོག་རྒྱག་པ་བཞིན།།

ཚིག་གི་བུ་མོས་སྨྱོ་ཆུ་བླུད་དང་མཚུངས།།

དོ་ནུབ་རེ་ཞིང་སྒུག་པའི་ཞིང་ཁམས་དེ།།

སྐྱེ་བ་ཕྲག་བརྒྱའི་སྔ་རོལ་དག་ཏུ་ཡང་།།

མེད་པ་མ་གཏོགས་རེ་བའི་སྨོན་ལམ་ནི།།

བཏབས་པ་གཅིག་མིན་གྲངས་ཀྱིས་གཞལ་མི་ནུས།།

ཤུ་རེ་རང་ཚུགས་མ་ཤོར་གཞན་སེམས་ཡང་།།

དཀྲུག་པ་མ་གནང་འདི་ཕྱིའི་དོན་ཡིན་ནོ།།

ཚིག་གི་བུ་མོ་གམ་དུ་མ་འབྱོར་གོང་།།

སྣང་བའི་སྣ་གླུ་རྡོལ་བ་ངོ་རེ་ཚ།།

སྲིད་པའི་འབྱོར་བས་ལུས་སེམས་དབང་དུ་བསྡུས།།

འབྱོར་བ་གཅིག་པུ་ལན་པ་ག་ལ་ཡིན།།

བདག་ཉིད་བདག་གིས་དབང་དུ་བསྡུས་པ་གང་།།

སྐྱོབ་ཏུ་འདོད་ཀྱང་བློ་ཐབས་ཚར་ནས་ཐལ།།

ཚིག་གི་སྟོབས་ཀྱིས་རི་བོ་འཕགས་པ་སོགས།།

མདོར་ནས་ལབ་ན་གཉིད་ཐེབས་ཤིག་གི་ཡུན།།

དེ་དང་དེ་འདྲར་ལས་བདའ་བྱེད་པ་གང་།།

རང་གིས་རང་ལ་དྲི་བ་གཏོང་རན་ནོ།།

སྣང་བ་རི་ནས་ཤོར་ཞིང་ཚིག་གི་གཞིས།།

བསྐྲུན་ཞིང་བུ་མོ་དེ་ཡང་རྒྱུས་ཡོད་ཅིག།

དེ་བས་སྣ་གླུ་ཐན་ཐུན་བརྡོལ་བ་གང་།།

རང་གིས་སྐྱིད་དང་གཞན་གྱི་ནོམ་དུ་སྒོམས།།



  • ལེ་ཚན་སྔོན་མ།:ཨ་གར་ལྗོན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།